འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་15ཉིན།

༄༅༎སྡོང་ཕུང་ལ་བརྟེན་ནས་གྲོང་མིས་ཕྱུག་འགྱུར་ལམ་བུ་བཏོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་15ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སེམས་ཀྱི་ཉི་ཟླའི་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། “མེ་རི་གྲོང་ཚོ་རི་ཡི་སྐེད་པར་ཆགས། སྔར་ནས་དབུལ་ཞིང་ཕོངས་ལ་རྗེས་སུ་ལུས། དེང་དུས་ཏང་གི་སྲིད་ཇུས་བཟང་པོའི་འོག ཁྱིམ་ཚང་ཚང་མ་སྡོང་ཕུང་འདེབས་པར་བྲེལ། དབུལ་པོའི་གནས་ལས་སྒྲོལ་བར་བྱེད་སྙམ་སྟེ། ནགས་གསེབ་ཁྲོད་ནས་འབབ་འཕར་ཐབས་ལམ་བཙལ། ཚང་མ་སྡོང་ཕུང་ཉིད་ལ་དགའ་གྱུར་བས། གྲོང་མི་ཕྱུག་པོའི་ལམ་དུ་སྐྱོད་འགོ་ཚུགས”ཞེས་པ་ནི་བདེ་ཆེན་རྫོང་ཉི་ཞིང་གྲོང་ལྷན་མེ་རི་གྲོང་མིའི་ཁ་རྒྱུན་དུ་ཆགས་པའི་སྐད་ཆ་ཞིག་རེད།
     མེ་རི་གྲོང་མི་ཚོགས་ཆུང་ནི་འབྲི་ཆུའི་འགྲམ་གྱི་རི་སྐེད་དུ་གནས་ཡོད། དུས་ཡུན་རིང་པོའི་ནང་ཆུ་བེད་དང་འགྲིམ་འགྲུལ་རྗེས་ལུས་དང་ས་ཞིང་གི་རྒྱ་ཁྱོན་ཆུང་བ་སོགས་རྒྱུ་རྐྱེན་མང་པོའི་ཚོད་འཛིན་ཕོག་པས་མི་རབས་ནས་མི་རབས་བར་ནགས་ཚལ་ཁྲོད་འཚོ་སྡོད་བྱེད་པ་དང་། ཤིང་ནགས་མེད་པའི་ལ་རྒོད་ཐོག་སྡོང་ཁུང་འདྲུས་ནས་ཞོག་ཁོག་དང་མ་རྨོས་ལོ་ཏོག་ཕྲན་བུ་འདེབས་པ་དང་ནོར་ལུག་ཁ་ཤས་གསོ་བ་ཕུད་ལོ་ཏོག་གཞན་འདེབས་པའི་གོམས་གཤིས་མེད་པའི་ཁར། ཞོག་ཁོག་དང་མ་རྨོས་ལོ་ཏོག་བཏབ་པའང་གནམ་ཆུར་བརྟེན་དགོས་པས། ཆར་ཆུ་ཉུང་བའི་ལོར་སྟོན་ཐོག་ཡག་པོ་མེད་པ་སྨོས་མེད་རེད། དེས་ན་མེ་རི་གྲོང་ཚོའི་མང་ཚོགས་དབུལ་སྒྲོལ་འབབ་འཕར་ཡོང་རྒྱུ་ལྟ་ཞོག་སྤྱིར་བཏང་གི་འཚོ་བའང་ཅི་འདྲ་བྱས་ནས་སྐྱེལ་མིན་དཀའ་གནད་ཅིག་ཏུ་གྱུར་ཡོད།
     2015ལོར་གསར་སྤེལ་ཁུལ་བཟོ་ལས་གླིང་དོ་དམ་གཞུང་དོན་ཁང་གིས་མེ་རི་གྲོང་ཚོར་རོགས་སྐྱོར་བྱ་རྒྱུའི་འགན་གཙང་བླངས་ཚུན། ལས་དོན་རུ་མི་ཁག་གིས་ངང་རྒྱུད་རིང་པོས་དྲིལ་བསྒྲགས་སློབ་གསོ་དང་གྲོང་སྡོད་ལས་དོན་པ་ཁག་གིས་དུས་ཡུན་རིང་པོ་ཞིབ་ཕྲའི་མཛུབ་ཁྲིད་བྱས་པ་བརྒྱུད། ད་ཆ་མེ་རི་གྲོང་ཚོའི་མང་ཚོགས་རྣམས་ཀྱི་བསམ་བློར་འགྱུར་ལྡོག་བྱུང་བ་མ་ཟད། “ཕྱུག་པོ་ཆགས་དགོས་ཡོད”ཅེས་པ་ནས“ཕྱུག་པོ་ཆགས་པ་བྱེད་ཀྱི་ཡིན”ཞེས་པའི་གཞི་རྩའི་ངོས་འཛིན་ཐད་ལའང་ངོ་བོའི་འགྱུར་ལྡོག་བྱུང་ཡོད། དབུལ་པོའི་གནས་ལས་རྩེ་གཅིག་ཏུ་སྒྲོལ་བསམ་པའི་མེ་རི་གྲོང་ཚོའི་མང་ཚོགས་ཀྱིས་འགན་གཙང་ལེན་མཁན་ཚན་པ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མིའི་སྣེ་ཁྲིད་དང་ལྕག་སྐུལ་དང་། སེམས་ཀྱི་ཉི་ཟླའི་ཀྲེ་ཧའེ་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིའི་རོགས་རམ་འོག་གདོད་མའི་ཐོན་སྐྱེད་དང་ངལ་རྩོལ་བྱེད་སྟངས་དོར་བ་དང་། ཀུང་སིས“ཀུང་སི་དང་། རྟེན་གཞི། ཞིང་དུད”བཅས་ཟུང་འབྲེལ་གྱི་འཁོར་སྐྱོད་བྱེད་སྟངས་ལ་བརྟེན་ནས་ནགས་ཁྲོད་དཔལ་འབྱོར་རིམ་བཞིན་འཕེལ་རྒྱས་བཏང་ཡོད། ལོ་གསུམ་ཙམ་ལག་ལེན་བསྟར་བ་བརྒྱུད་མེ་རིའི་གྲོང་མིར་རི་དང་ནགས་ཚལ་སུང་སྐྱོང་བྱེད་སྟངས་རྙེད་པ་མ་ཟད། ད་དུང་འབབ་འཕར་ཐུབ་པའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཐབས་ལམ་ཞིག་ཀྱང་རྙེད་ཡོད། གསར་སྤེལ་ཁུལ་ཏང་ཨུད་དོ་དམ་ཨུ་ལྷན་གྱི་རྒྱུན་མཐུད་ཀྱི་དོ་ཁུར་དང་འགན་གཙང་ལེན་མཁན་ཚན་པའི་རོགས་སྐྱོར་ཤུགས་ཆེན་འོག་སྔ་རྗེས་སུ་ད་དུང་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་3རག་སྟེ་འདེབས་འཛུགས་དུད་ཚང་གི་འགོག་སྲུང་ར་བ་འཛུགས་སྐྲུན་དང་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གནད་དོན་ཐག་གཅོད་ཐུབ་ཡོད།
     2017ལོར་མེ་རི་གྲོང་ཚོའི་ཞིང་དུད་5ཡིས་སྡོང་ཕུང་བཏབ་ཡོད། འདི་ལོའི་ཐོན་འབབ་ལ་བལྟས་ཚེ་སྡོང་ཁུང་1000ནས་སྡོང་ཕུང་སྤྱི་རྒྱ་2000ལྷག་ཙམ་བརྩོན་ལེན་བྱས་ཡོད། ཀུང་སིས་སྡོང་ཕུང་སོས་པ་སྤྱི་རྒྱ་རེར་སྒོར་70སྤྲོད་ཀྱི་ཡོད་པར་གཞིགས་ནས་རྩིས་བརྒྱབ་ན་ཡོང་འབབ་སྒོར་ཁྲི་15ལྷག་ཙམ་ཡོང་བ་དང་། ཁེ་གཙང་སྒོར་ཁྲི་6ཟིན་གྱི་ཡོད་པ་རེད།
     འདེབས་འཛུགས་དུད་ཚང་ལ་ཕན་པ་ཐོབ་པའི་དབང་གིས་གྲོང་མི་ཚོའི་འདེབས་འཛུགས་ཀྱི་ཧུར་སེམས་དེ་བས་ཆེ་རུ་ཕྱིན་ཡོད། དུད་ཚང་18ལས་མེད་པའི་མེ་རི་གྲོང་ཚོར་འདེབས་འཛུགས་དུད་ཚང་8ཡོད། གསོ་ཚགས་ཀྱི་དུད་ཚང་གཉིས་དང་། འགན་ལེན་ལྔའི་དུད་ཚང་གཉིས། གཞིས་སྲུང་རྒན་རྒོན་གྱི་དུད་ཚང་གཉིས་བཅས་ཕུད། དེ་བྱིངས་ཀྱི་དུད་ཚང་ཚང་མ་སྡོང་ཕུང་འདེབས་འཛུགས་ནང་ཞུགས་ཡོད།