འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་14ཉིན།

༄༅༎དཔྱིད་གསར་དུས་ཆེན་རིང་བོད་དུ་དྲ་ཐོག་འཛད་སྤྱོད་བྱེད་མཁན་མང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་14ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་2ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཅིང་ཏུང་གི་དཔྱིད་གསར་དུས་ཆེན་རིང་གི་འཛད་སྤྱོད་གྲངས་གཞི་ལས་མངོན་གསལ། གནམ་གང་ཉིན་མོ་ནས་ཚེས་དྲུག་ཉིན་བར་བོད་དུ་དྲ་ཐོག་འཛད་སྤྱོད་བྱེད་མཁན་མང་བས་དྲ་ཐོག་ཉོ་སྒྲུབ་ལ་ས་མཐོའི་མང་ཚོགས་ཀྱིས་དགའ་པོ་བྱེད་པ་མཚོན་གྱི་ཡོད་པ་རེད།
     ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་འོག་བོད་ཀྱི་འགྲིམ་འགྲུལ་ཟོག་འགྲེམས་ཀྱི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་ཆ་འཕྲིན་ཅན་འཛུགས་སྐྱོང་གི་ཆུ་ཚད་མགྱོགས་མྱུར་མཐོ་རུ་ཕྱིན་ནས་མང་ཚོགས་ཀྱི་ཡོང་འབབ་བརྟན་པོ་འཕར་ཡོད། ས་མཐོའི་དྲ་ཐོག་ཉོ་སྒྲུབ་བྱེད་མཁན་གྱི་གྲངས་འབོར་དང་འཛད་སྤྱོད་དངུལ་གྲངས་ཉིན་རེ་བཞིན་མང་དུ་ཕྱིན་པ་དང་ཆབས་ཅིག་ཐའོ་པའོ་དང་། ཅིང་ཏུང་། སུའུ་ཉིང་སོགས་དྲ་ཐོག་ཁེ་ལས་ཆེ་གྲས་ཀྱིས་ཀྱང་བོད་དུ་ཕྱིར་ཚོང་ལེ་ལག་ཚང་བའི་ཞབས་འདེགས་ཞུས་པས་བོད་ཀྱི་འཛད་སྤྱོད་པར་དྲ་ཐོག་ཉོ་སྒྲུབ་ཀྱི་སྟབས་བདེ་ལོངས་སུ་སྤྱད་ཡོད་པ་རེད།
     2018ལོར་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་ཀྱི་སིལ་ཚོང་དངུལ་གྲངས་སྒོར་དུང་ཕྱུར་500ལྷག་ཙམ་ཟིན་ནས་དུས་མཚུངས་ལས་14.0%ཟིན་ཏེ་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། ཅིང་ཏུང་གི་དཔྱིད་གསར་དུས་ཆེན་གྱི་འཛད་སྤྱོད་གྲངས་གཞི་ཆེན་པོ་ལས་མངོན་པར་གཞིགས་ན། བོད་ལྗོངས“དགུ་བཅུ་པའི་ནང་སྐྱེས”ཀྱི་ཅིང་ཏུང་དཔྱིད་གསར་དུས་ཆེན་གྱི་འཛད་སྤྱོད་བཟུང་ཚད་ཅུང་མཐོ་བའི་ས་ཁུལ་ཞིག་ཏུ་གྱུར་ཡོད་པ་དང་། སྒག་རྫས་རིགས་ཀྱི་ཚོང་ཟོག་ཉོ་རྒྱུར་དགའ་བའི་ས་ཁུལ་ཞིག་ཏུ་གྱུར་ཡོད་པ་རེད།
     བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་ཐིང་ཀྲང་སྤེན་པས“མང་ཚོགས་ཀྱི་འཛད་སྤྱོད་ཀྱི་མངོན་མེད་སྟོབས་ཤུགས་དེ་བོད་ཀྱི་དཔལ་འབྱོར་འཕར་རྒྱུར་ཡར་སྐུལ་བྱེད་པའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད། 2019ལོར་ང་ཚོས‘དྲ་སྦྲེལ+ཟོག་འགྲེམས’ལ་སྐུལ་འདེད་ཧུར་ཐག་བཏང་ནས་མང་ཚོགས་དེ་བས་མང་བར་དྲ་སྦྲེལ་ལས་བྱུང་བའི་ཕན་པ་ལོངས་སྤྱོད་ཐུབ་པ་བྱས་པ་ཡིན”ཞེས་བརྗོད།
     “ང་ཚོའི་ཁྱིམ་གྱི་ལོ་གསར་གྱི་ཉེར་མཁོ་མང་ཆེ་བ་དྲ་ཐོག་ནས་ཉོས་པ་ཡིན། ས་གནས་འདི་གར་ཅིང་ཏུང་གི་མཛོད་ཁང་ཡོད་པས་སྤྱིར་ན་ཉིན་གཉིས་པར་ཚོང་ཟོག་འབྱོར་གྱི་འདུག ལོ་གསར་རིང་ཚོང་ཟོག་འབྱོར་བའི་དུས་ཚོད་ཅུང་འགོར་པོ་ཡོད་མོད། འོན་ཀྱང་ངས་སྔར་བཞིན་དྲ་ཐོག་ནས་ཚོང་ཟོག་ཉོས་པ་ཡིན། ལོ་གསར་རིང་དངོས་ཟོག་གི་རིན་གོང་གཅོག་གི་འདུག་ལ་སྣ་ཁའང་ཅུང་མང་པོ་འདུག”ཅེས་ལྷ་ས་གྲོང་ཁྱེར་གྱི་གྲོང་མི་ཆོས་སྒྲོན་གྱིས་བརྗོད།