འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་14ཉིན།

༄༅༎ཀྲུང་གོའི་ཁེ་ལས་ཀྱིས་ཕ་ཁི་སི་ཐན་གྱི་གློག་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་གཏོང་རོགས་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་14ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་དབྱི་སི་ལམ་པོ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཕ་ཁི་སི་ཐན་གྱི་ཆ་འཕྲིན་ལག་རྩལ་དང་གློག་འཕྲིན་པུའུ་ཀྲང་ཧ་ལི་ཏེ·མ་ཁེ་པུ་ལེ·ཤིས་ཏེ་ཅིས་ཀྲུང་གོའི་འཕྲིན་གཏོང་ཁེ་ལས་ཀྱིས་ཕ་ཁི་སི་ཐན་ལ་མ་དངུལ་འཇོག་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་སྔོན་ཐོན་གྱི་ལག་རྩལ་བསླབས་ནས། རྒྱལ་ཁབ་དེའི་གློག་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་ཐད་ནུས་པ་ཆེན་པོ་བཏོན་ཡོད་ཅེས་བརྗོད།
     ཤིས་ཏེ་ཅིས་ཀྲུང་གོ་སྒུལ་བདེ་ཕ་ཁི་སི་ཐན་ཀུང་སིས་གཉེར་བའི་རྟེན་འབྲེལ་གྱི་བྱེད་སྒོ་ཞིག་གི་ཐོག་ཀྲུང་གོ་སྒུལ་བདེ་ཕ་ཁི་སི་ཐན་ཀུང་སིས་4Gདྲ་རྒྱ་སྤྱད་དེ་རྒྱལ་ཁབ་དེར་གྲངས་འཛིན་གྱི་སྣོད་བཅུད་མ་ལག་ཅིག་བཏོད་པས་ཕ་ཁི་སི་ཐན་མི་དམངས་ཀྱི་འཚོ་བ་སྐྱེལ་སྟངས་ལ་ཟམ་མི་ཆད་པར་འགྱུར་ལྡོག་འགྲོ་བཞིན་ཡོད་ཅེས་བརྗོད།
     ཕ་ཁི་སི་ཐན་གློག་འཕྲིན་དོ་དམ་ཅུས་ཀྱི་ཀྲུའུ་ཞི་ཨ་སྨིར·པ་ཅེ་ཝས་བྱེད་སྒོའི་ཐོག་ཀྲུང་གོ་སྒུལ་བདེ་ཕ་ཁི་སི་ཐན་གྱི་ཁྲོམ་རར་ཞུགས་ནས་དུས་ཡུན་རིང་པོ་ཕྱིན་མེད་ནའང་ལག་རྩལ་དང་ཞབས་འདེགས་སོགས་ཀྱི་ཁྱབ་ཁོངས་སུ་གཉེར་སྐྱོང་མཁན་གཞན་དག་ལས་ལྷག་པ་ཡོད་ཅེས་བརྗོད། སྡེ་ཚན་དེས་བསྡོམས་རྩིས་བྱས་པ་ལྟར་ན། ཀྲུང་གོ་སྒུལ་བདེ་ཕ་ཁི་སི་ཐན་ཀུང་སིར་ད་ལྟ་འཛད་སྤྱོད་པ་ཁྲི་3200ལྷག་ཙམ་ཡོད་པ་ལས་4Gསྤྱོད་མཁན་ཁྲི་1000ཙམ་ཡོད་པ་དང་། 4Gཁྲོམ་རའི་ཐོབ་ཆ་46%ལ་སླེབས་ཀྱི་ཡོད།
     ཀྲུང་གོ་སྒུལ་བདེ་ཕ་ཁི་སི་ཐན་ཀུང་སིའི་ཏུང་ཧྲི་ཀྲང་དབུ་བཞུགས་ལག་བསྟར་དཔོན་ཝང་ཧྭ་ཡིས་ཀུང་སིས་ཕ་ཁི་སི་ཐན་གྱི་འཛད་སྤྱོད་པར་མུ་མཐུད་འཕྲིན་གཏོང་ཞབས་འདེགས་ཡག་ཤོས་མཁོ་འདོན་བྱེད་ཀྱི་ཡིན་ཞེས་བརྗོད།