འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་14ཉིན།

༄༅༎ཀྲུང་གོས་ཕྱི་རྒྱལ་གྱི་མ་དངུལ་དང་ལེན་བྱེད་ཚད་ལྡོག་འཕར་བྱུང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་14ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་སུའེ་ཙེར་གྱི་གྲོང་ཁྱེར་ཏ་ཝོ་སི་ནས་གློག་འཕྲིན་འབྱོར་གསལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོང་དོན་དང་འཕེལ་རྒྱས་ཚོགས་འདུའི(ཚོང་དོན་འཕེལ་རྒྱས་ཚོགས་འདུ)མ་འཇོག་དང་ཁེ་ལས་སིའི་སི་ཀྲང་ཀྲན་ཞའོ་ཉིང་གིས་ཉེ་ཆར་སུའེ་ཙེར་གྱི་ཏ་ཝོ་སི་རུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་2018ལོར་གོ་ལ་ཧྲིལ་པོའི་ཕྱི་རྒྱལ་གྱི་ཐད་ཀའི་མ་འཇོག(FDI)རྒྱུན་མཐུད་ངང་ཆག་པ་མ་ཟད། ལོ་མང་རིང་གི་དམའ་ཤོས་སུ་ཆག་ཡོད་མོད། འོན་ཀྱང་ཀྲུང་གོས་ཕྱི་རྒྱལ་གྱི་མ་དངུལ་བསྡུ་ལེན་བྱས་པའི་ཚད་གཞི་བརྟན་པོའི་ངང་འཕར་ཡོད་ཅེས་བཤད།
     ཚོང་དོན་དང་འཕེལ་རྒྱས་ཚོགས་འདུའི་ཐོག་ཉེ་ཆར་ཁྱབ་བསྒྲགས་བྱས་པའི《གོ་ལ་ཧྲིལ་པོའི་མ་འཇོག་གི་རྣམ་པའི་ལྟ་ཞིབ་ཚད་ལེན་སྙན་ཞུ》གསར་ཤོས་ནང་གོ་ལ་ཧྲིལ་པོའི་FDIདེ་2017ལོའི་ཨ་སྒོར་དུང་ཕྱུར་ཁྲི་1.47ནས་2018ལོའི་ཨ་སྒོར་དུང་ཕྱུར་ཁྲི་1.2བར་ཆག་པ་དང་འདས་ཟིན་པའི་ལོ་གསུམ་ནང་རྒྱུན་མཐུད་ངང་ཆག་པ་དེ་གོ་ལ་ཧྲིལ་པོའི་FDIརྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་རྗེས་ཀྱི་ཚད་གཞི་དམའ་ཤོས་སུ་སླེབས་པ་མངོན་ཡོད།
     གོ་ལ་ཧྲིལ་པོའི་FDIཚད་གཞི་མཐོ་པོས་ཆག་པ་དང་བསྡུར་ན་2018ལོར་ཀྲུང་གོས་FDIབསྡུ་ལེན་བྱས་པའི་བསྡོམས་འབོར་སྔར་བཞིན་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས་ལོ་འཁོར་མོར་3%སྟེ་ཨ་སྒོར་དུང་ཕྱུར་1420ཙམ་འཕར་ཡོད་པ་རེད། ཀྲུང་གོ་འདི་ཉིད་ཕྱི་ཕྱོགས་ཀྱི་མ་དངུལ་བསྡུ་ལེན་བྱེད་མང་ཤོས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་དཔལ་འབྱོར་དངོས་ཚན་སྟོབས་ཆེ་ཤོས་དང་གོ་ལ་ཧྲིལ་པོའི་ཕྱི་རྒྱལ་གྱི་མ་དངུལ་ཐད་ཀར་འཇོག་ཡུལ་ཆེ་གྲས་ཨང་གཉིས་པ་དེར་གྱུར་ཡོད་པ་རེད།
     སྙན་ཞུ་ལས་2018ལོར་གོ་ལ་ཧྲིལ་པོའི་FDIཆག་ས་གཙོ་བོ་དེ་དར་རྒྱས་ཆེ་བའི་རྒྱལ་ཁབ་ཏུ་གཅིག་སྡུད་ཐོག་གནས་པ་དང་དེའི་FDIཡོང་ཚད་40%བར་ཆག་ནས་ཨ་སྒོར་དུང་ཕྱུར་4510ཙམ་ཆག་པ་མངོན་ཡོད། དེས་ན་ཀྲན་ཞའོ་ཉིང་གིས་ཨ་རིས་དཔྱ་ཁྲལ་སྒྱུར་བཅོས་བྱས་རྗེས་དེའི་རྒྱལ་སྒྲོལ་ཀུང་སིས་གསོག་འཇོག་འབོར་ཆེན་བྱས་པའི་ཕྱི་རྒྱལ་གྱི་ཡོང་འབབ་ཨ་རིར་གཏོང་གི་ཡོད་པས་ཨིར་ལན་དང་སུའེ་ཙེར་སོགས་དེ་སྔ་ཨ་རིའི་རྒྱལ་སྒྲོལ་ཁེ་ལས་ལ་ནོར་སྲིད་ཀྱི་ལྟེ་བའི་འགན་ནུས་མཁོ་འདོན་བྱེད་མཁན་ཡོ་རོབ་རྒྱལ་ཁབ་དེ་དག་གི་FDIཡོང་ཚད་སྔར་བྱུང་མྱོང་མེད་པའི་སྒོ་ནས་ཆག་ཡོད་ཅེས་གསལ་བཤད་བྱས་པ་རེད།
     ཀྲན་ཞའོ་ཉིང་གིས་2019ལོར་ཀྲུང་གོར་ཕྱི་རྒྱལ་གྱི་མ་དངུལ་གཏོང་ཚད་སྔར་བཞིན་ཡག་པོ་རྒྱུན་འཁྱོངས་ཐུབ་སྲིད་ཅེས་བཤད།