འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་11ཉིན།

༄༅༎བོད་ཀྱིས་ཁྲིམས་དང་མ་མཐུན་པར་ས་མཚམས་འགྲོ་འོང་བྱེད་མཁན་ལ་གནད་སྨིན་རྡུང་རྡེག་ཚ་ནན་བཏང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་11ཉིན། 09:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་བོད་ལྗོངས་ས་མཚམས་འགྲོ་འོང་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱིས་འཚོགས་པའི་ཁྲིམས་དང་མ་མཐུན་པར་ས་མཚམས་ནས་འགྲོ་འོང་བྱེད་པར་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་ཀྱི་ཕྱོགས་སྡོམ་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ཆེད་དོན་བྱ་སྤྱོད་སྤེལ་བ་བརྒྱུད། 2018ལོའི་ལོ་སྨད་ཀྱི་བོད་ཀྱི་ཁྲིམས་དང་མ་མཐུན་པར་ས་མཚམས་ནས་འགྲོ་འོང་བྱས་པའི་གྱོད་གཞི་ལོ་སྟོད་ལས་79%ཆག་ནས་ཁྲིམས་དང་མ་མཐུན་པར་ས་མཚམས་ནས་འགྲོ་འོང་བྱེད་མཁན་བཀག་འགོག་ནུས་ལྡན་ཐུབ་ཡོད་པ་རེད།
     2018ལོའི་ཟླ་7པ་ནས་བཟུང་། བོད་ལྗོངས་ས་མཚམས་འགྲོ་འོང་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མཐའ་མཚམས་ས་ཁུལ་དང་ས་མཚམས་འགྲོ་འོང་གི་འགག་སྒོའི་བདེ་འཇགས་བརྟན་ལྷིང་འགན་ལེན་བྱ་རྒྱུ་དེ་ལས་འགན་ལྕི་པོ་ཞིག་ལ་བརྩིས་ནས་ཕྲག་ཏུ་ཁུར་ཏེ་དུས་ཡུན་ཟླ་དྲུག་གི་ཁྲིམས་དང་མ་མཐུན་པར་ས་མཚམས་ནས་འགྲོ་འོང་བྱེད་མཁན་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་ལས་འགན་བདེ་བླག་ངང་ལེགས་སྒྲུབ་བྱས་ཏེ་དཔུང་ཁག་ལ་སྔར་བས་སྦྱོང་བརྡར་དང་མཐའ་མཚམས་དོ་དམ་སྲུང་སྐྱོང་གི་རྨང་གཞི་སྔར་བས་བརྟན་དུ་བཏང་བ་རེད།
     2018ལོའི་ཟླ་12ཚེས་31ཉིན་བར། བོད་ལྗོངས་ས་མཚམས་འགྲོ་འོང་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་ས་མཚམས་འགྲོ་འོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཁག་གིས་འཇིགས་སྐུལ་པ་དང་ཁྲིམས་མི་འཁུར་བའི་མི་སྣ་ཕྱིར་ལོག་ལ་འགོག་ཟོན་བྱེད་པ་གཙོ་གནད་དུ་བཟུང་ནས་གཙོ་གནད་ཁ་ཕྱོགས་དང་ས་ཁུལ་གྱི་མི་སྣར་ཞིབ་བཤེར་ནན་པོ་བྱས་པ་དང་། APIསྔོན་བརྡ་དང་ས་མཚམས་འགྲོ་འོང་དོ་དམ་གྱི་ཆ་འཕྲིན་མ་ལག་དང་དེ་བཞིན་རྗེས་མཐུད་ཀྱི་ཞིབ་བརྡར་བྱེད་ཤུགས་ཆེ་རུ་བཏང་ནས་སྔ་རྗེས་སུ་ས་མཚམས་ནས་འགྲོ་འོང་བྱེད་མཁན་ཡུལ་སྐོར་བ་མི་ཐེངས་ཁྲི་5ཙམ་དང་འགྲིམ་འགྲུལ་འཕྲུལ་འཁོར་ཁྲི་10ལྷག་ཙམ་ལ་ཞིབ་བཤེར་བྱས་པ་དང་། མཐའ་མཚམས་ཀྱི་དོ་དམ་ཁུལ་དུ་འགྲོ་འོང་བྱེད་མཁན་མི་ཐེངས་ཁྲི་95དང་རླངས་འཁོར་ཁྲི་46ལ་ཞིབ་བཤེར་བྱས་ཏེ་འགྲོ་ལུགས་ཆ་མི་ཚང་བའི་མི་ཆིག་སྟོང་ལ་ཉེ་བ་ཕྱིར་བསློགས་ནས་བོད་ཀྱི་མཐའ་མཚམས་འགག་སྒོ་དང་མཐའ་སྲུང་ཁོངས་གཏོགས་རྒྱུན་མཐུད་དང་། ཡུན་རིང་། ཕྱོགས་ཡོངས་བཅས་ཀྱི་བརྟན་ལྷིང་ཡོང་བར་བྱས་ཡོད།