འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་11ཉིན།

༄༅༎འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་ཡི་ལག་བསྟར་ལས་འཛིན་པས་བཀྲེས་ལྟོགས་སེལ་བའི་ཐད་ཀྱི་
ཀྲུང་གོའི་ཉམས་མྱོང་ཁྱབ་གདལ་གཏོང་རིན་ཆོག་པ་ཞིག་ཡོད་ཅེས་བཤད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་11ཉིན། 08:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་སུའེ་ཙེར་གྱི་གྲོང་ཁྱེར་ཏ་ཝོ་སི་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་ཡི་ལག་བསྟར་ལས་འཛིན་པ་ཏའེ་ཝེ·པི་སི་ལིས་ཏ་ཝོ་སིར་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལོ་ཚོགས་ལ་ཞུགས་སྐབས་བཀྲེས་ལྟོགས་སེལ་བའི་ཐད་ཀྲུང་གོར་འཛམ་གླིང་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་པའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་འཛམ་གླིང་གི་ཁྱབ་ཁོངས་ནང་སློབ་སྦྱོང་དང་ཁྱབ་གདལ་གཏོང་རིན་ཆོག་པ་ཞིག་ཡོད་ཅེས་བཤད་པ་རེད།
     པི་སི་ལིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཀྲེས་ལྟོགས་སེལ་བའི་ཐད་རྒྱལ་ཁབ་གང་རུང་ཞིག་ལ་ཐོབ་པའི་གྲུབ་འབྲས་ཀྲུང་གོ་དང་བསྡུར་ཐབས་མེད། “ཀྲུང་གོའི་གྲུབ་འབྲས་ཐོབ་པའི་དཔེ་དབྱིབས་འཛམ་གླིང་གི་ས་ཁུལ་གཞན་དག་ལ་སློབ་སྦྱོང་དང་ཁྱབ་གདལ་གཏོང་ཐུབ་པ་བྱེད་དགོས”ཞེས་བཤད། ཁོང་གིས་འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་ཡི་སྒྲོམ་གཞིའི་འོག་ཀྲུང་གོའི་ཉམས་མྱོང་དང་ནུབ་ཕྱོགས་ཀྱི་ཉམས་མྱོང་སྔར་བས་སྤེལ་རེས་དང་མཉམ་བསྲེས་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
     པི་སི་ལིས་ཀྲུང་གོས་ཞིང་དུད་ཆུང་གྲས་ལ་འདེགས་སྐྱོར་བྱེད་པ་ནི་ཁྱབ་གདལ་གཏོང་རིན་ཆོག་པའི་ཉམས་མྱོང་གི་གྲས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
     ཁོང་གིས་ཀྲུང་གོ་སྲིད་གཞུང་གིས་གལ་སྲིད་ཞིང་དུད་ཆུང་གྲས་ཀྱི་འཚོ་སྡོད་གནད་དོན་ཐག་གཅོད་མ་བྱས་ན་རྒྱལ་ཁབ་དར་རྒྱས་གོང་འཕེལ་འགྲོ་མི་ཐུབ་པ་གསལ་པོ་རྟོགས་པས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ལ་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ཡོད། ཨ་ཧྥེ་རི་ཁར་ཞིང་དུད་80%ནི་ཞིང་དུད་ཆུང་གྲས་ཡིན་པས་དབུལ་ཕོངས་དང་བཀྲེས་ལྟོགས་སེལ་བའི་འགག་རྩ་ཞིང་དུད་ཆུང་གྲས་ཀྱི་ལྟོ་གོས་གནད་དོན་ཐག་གཅོད་བྱ་རྒྱུར་ཐུག་ཡོད། དེའི་ཐད་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་ཀྲུང་གོའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་སློབ་སྦྱོང་བྱེད་ཆོག་ཅེས་བཤད་པ་རེད།
     པི་སི་ལིས་འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་དང་ཀྲུང་གོ་མཉམ་ལས་བྱས་ནས་ལོ་40ལྷག་ཙམ་འགྲོ་ཡི་ཡོད་པ་དང་ཀྲུང་གོ་འདི་ཉིད་ཐོག་མའི་རོགས་སྐྱོར་བྱ་ཡུལ་རྒྱལ་ཁབ་ནས་ད་ཆའི་ཞལ་འདེབས་འབུལ་མཁན་རྒྱལ་ཁབ་གལ་ཆེན་དུ་གྱུར་ཡོད། མིག་སྔར་ཕྱོགས་གཉིས་པོའི་མཉམ་ལས་བྱ་ཐབས་ཀྲུང་གོས་འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་ལ་རོགས་སྐྱོར་མ་དངུལ་མཁོ་འདོན་བྱེད་པ་ཁོ་ན་མ་ཡིན་པར་ཀྲུང་གོའི་སྒེར་གཉེར་སྡེ་ཚན་ཡང་འབྲེལ་ཡོད་དབུལ་པོ་དང་བཀྲེས་ལྟོགས་སེལ་བའི་འཆར་གཞིའི་ཁྲོད་ཞུགས་ཡོད་ཅེས་ནན་བཤད་བྱས་པ་རེད།
     པི་སི་ལིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་གོ་ལ་ཧྲིལ་པོའི་དབུལ་པོ་དང་བཀྲེས་ལྟོགས་སེལ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གིས་ཨ་ཧྥེ་རི་ཁར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཉུང་བས་ཞིང་ལས་ཡོང་འབབ་ཀྱི་40%ས་ཞིང་དང་ཁྲོམ་རའི་དབར་གྱི་སྐྱེལ་འདྲེན་ལྷུ་ཚིགས་ནང་ཟད་ཀྱི་ཡོད། “རྒྱུད་གཅིག་ལམ་གཅིག”གིས་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་བཏང་བ་བརྒྱུད། མ་གནས་འབོར་ཆེན་ཞིག་གྲོན་ཆུང་ཐུབ་ནས་ཞིང་པ་དབུལ་སྒྲོལ་ཐུབ་རྒྱུར་རོགས་རམ་ཐུབ་རྒྱུ་རེད་ཅེས་བཤད་པ་རེད།