འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་ཞིང་ཆེན་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་8.21ཟིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་02ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་1ཚེས་31ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་2019ལོའི་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2018ལོའི་ལོ་མཇུག་བར་མཚོ་སྔོན་ཞིང་ཆེན་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཚད་སྤྱི་ལེ་82135ཟིན་པའི་ཁྲོད། མྱུར་བགྲོད་གཞུང་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལེ་3938ཟིན་ནས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཀྲོའུ་ཚང་མར་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་ཡོད་པ་རེད།
     མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་མའོ་ཀྲན་པེའོ་ཡིས་2018ལོར་མཚོ་སྔོན་ཞིང་ཆེན་གྱིས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བ་དང་། དར་རྒྱལ་ནས་ཡ་རྫི་བར་གྱི་མྱུར་བགྲོད་གཞུང་ལམ་དང་། ཟི་ལིང་ནས་སྐུ་འབུམ་བར་གྱི་མྱུར་བགྲོད་གཞུང་ལམ་སྒྱུར་བཀོད་རྒྱས་སྐྲུན་ལས་གྲྭ་སོགས་རྣམ་གྲངས་9བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པས། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཀྲོའུ་ཚང་མར་མྱུར་བགྲོད་གཞུང་ལམ་ཤར་གཏོང་གི་དམིགས་ཚད་མངོན་འགྱུར་བྱུང་ཡོད་ཅེས་ངོ་སྤྲོད་བྱས།
     ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོའི་ལོ་མཇུག་བར་མཚོ་སྔོན་ཞིང་ཆེན་གྱིས་ལན་ཀྲོའུ་ནས་ཤིན་ཅང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ལམ་རྒྱུད་དུ་བསྐྲུན་པའི་ཕྱོགས་བསྡུས་འགྲུལ་སྐྱེལ་ལྟེ་བའི་བབས་ཚུགས་བཞིའི་ཁྲོད་ཏ་ཐུང་དང་བཀའ་མ་ལོག་གི་ལྟེ་བའི་བབས་ཚུགས་སྤྱོད་འགོ་ཚུགས་ཟིན་པ་དང་། ཏུའུ་ལན་སོགས་རིམ་པ་གསུམ་པ་དང་དེ་ཡན་གྱི་རྫོང་རིམ་པའི་འགྲུལ་སྐྱེལ་བབས་ཚུགས་ཀྱི་རྣམ་གྲངས་གསུམ་མུ་མཐུད་བསྐྲུན་ཡོད། གཞན་ཡང་མཚོ་སྔོན་ཞིང་ཆེན་གྱིས་ད་དུང་སྒོར་དུང་ཕྱུར་33བཏང་སྟེ་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཟི་ལིང་གི་འགྲིམ་འགྲུལ་ལེགས་སུ་བཏང་བ་དང་། ཡོན་ཧྲུའུ་སྣོལ་ཟམ་དང་། མདོ་པ་ལྷོ་རིའི་འབྲེལ་མཐུད་ལམ་ཐིག་སོགས་རྣམ་གྲངས་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པས། ཟི་ལིང་གྲོང་ཁུལ་གྱི་འགྲིམ་འགྲུལ་གྱི་ཉིན་རེའི་ཆ་སྙོམས་ཀྱི་འཚང་ཁ་ཆེ་ཆུང་གི་སྟོན་གྲངས་2016ལོའི་3.7ནས་2.1བར་ཆག་པ་དང་ཆག་ཚད་41.6%ཟིན་ཡོད་པ་རེད།
     མའོ་ཀྲན་པེའོ་ཡིས“འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་བ་དང་སྦྲགས། 2018ལོར་མཚོ་སྔོན་ཞིང་ཆེན་གྱི་གཞུང་ལམ་ཐོག་འགྲུལ་སྐྱེལ་བྱེད་ཚད་མི་ཁྲི་5092ཟིན་ནས་དུས་མཚུངས་ལས་0.4%འཕར་བ་དང་། གཞུང་ལམ་ཐོག་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར་1.6ཟིན་ནས་དུས་མཚུངས་ལས་5.5%འཕར་ཡོད”ཅེས་བརྗོད།
     “འདི་ལོར་མཚོ་སྔོན་ཞིང་ཆེན་གྱིས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་སྤེན་མདོ་ཉག་ག་ནས་མུན་ཡོན་ཧུད་རིགས་རང་སྐྱོང་རྫོང་སོགས་གཙོ་གནད་གཞུང་ལམ་རྣམ་གྲངས་10ལ་སྐུལ་འདེད་གཏོང་རྒྱུ་དང་། གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་4000དང་དམངས་ཕན་ཟམ་པ་150གསར་སྐྲུན་བསྐྱར་སྐྲུན་གྱི་འཆར་གཞི་བཏིང་སྟེ་མཚོ་སྔོན་གྱི་འགྲིམ་འགྲུལ་འཛུགས་སྐྲུན་ཐད‘འགག་རྩའི་གཞུང་ལམ་དང་ཡན་ལག གཞུང་ལམ་ཤར་གཏོང་ཐུབ་པའི’བརྩོན་ལེན་བྱ་རྒྱུ་ཡིན”ཞེས་མའོ་ཀྲན་པེའོ་ཡིས་བརྗོད།