འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་1ཉིན།

༄༅།།ཡུལ་ཤུལ་གྱི་ཕྲུ་གུ་ཚོ་དགའ་སྤྲོའི་ངང་ཁྱིམ་དུ་ལོག་པ། 

འདི་ག་ཚགས་པར་གྱི་གསར་འགོད་པ། ཡོན་ཐའོ་ཞུང་། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་01ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅།།ཡུལ་ཤུལ་གྱི་ཕྲུ་གུ་ཚོ་དགའ་སྤྲོའི་ངང་ཁྱིམ་དུ་ལོག་པ།
     ལམ་གྱི་གཞོགས་གཉིས་སུ་གངས་གསོག་ཐེབས་པ་དང་གྲང་རླུང་འུར་འུར་དུ་ལྡང་ཡང་རླངས་འཁོར་ནང་ཕྲུ་གུ་ཚོའི་སྤྲོ་སྣང་ལྡན་པའི་གླུ་གཞས་ལས་དྲོ་སྐྱིད་ཀྱི་ཚོར་སྣང་ཞིག་ངང་གིས་སྦྱིན། 
     དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་མཚམས་སུ། ཞོགས་པ་སྔ་པོ་ནས་ཟི་ལིང་མེ་འཁོར་བབས་ཚུགས་ནས་ཐོན་ཏེ་ཉེན་རྟོག་པའི་རླངས་འཁོར་གྱིས་ལམ་གཤོང་བཞིན་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་བཞི་ཡུལ་ཤུལ་ཕྱོགས་སུ་བསྐྱོད། དཔྱིད་གསར་སྐྱེལ་འདྲེན་འགོ་ཚུགས་པ་དང་། པེ་ཅིང་དང་། ལེའོ་ཉིང་། ཧུའུ་པེ། ཀོང་ཏུང་སོགས་སུ་སློབ་སྦྱོང་བྱེད་བཞིན་པའི་མཚོ་སྔོན་ཡུལ་ཤུལ་གྱི་མི་རིགས་འཛིན་གྲྭའི་སློབ་མ་2000ལྷག་ཙམ་ནང་ས་ནས་མེ་འཁོར་ལ་བསྡད་དེ་ཟི་ལིང་དུ་ལོག་གི་ཡོད་པ་དང་། མཚོ་སྔོན་འགྲིམ་འགྲུལ་ཉེན་རྟོག་པའི་སྲུང་སྐྱེལ་འོག ཁག་ཐེངས་16ཏུ་དབྱེ་ནས་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་བསྡད་དེ་ནང་ལ་ལོ་གསར་གཏོང་བར་བསྐྱོད་ཀྱི་ཡོད། 
     ཟི་ལིང་ནས་ཡུལ་ཤུལ་བར་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་30བར་ཆག་པ་དང་ལམ་ཐག་སྤྱི་ལེ་800ལྷག་ཙམ་ཡོད། ལམ་བར་དུ་རི་བདུན་དང་གཙང་པོ་ཆེན་པོ་གཉིས་བརྒལ་དགོས་ཀྱི་ཡོད་ལ། ཆ་སྙོམས་ས་བབ་མཐོ་ཚད་སྨི་4100དང་མཐོ་ཤོས་སུ་སྨི་5000ཙམ་ཟིན་གྱི་ཡོད། དེ་སྔོན་ཉིན་དྲུག་བདུན་འགོར་བའི་ལམ་ཐག་དེར་ད་ཆ་ཆུ་ཚོད་10ཙམ་ལས་འགོར་གྱི་མེད།
     རླངས་འཁོར་ནང་གི་ཕྲུ་གུ་ཚོ་ལེའོ་ཉིང་ཧྲེན་དབྱང་ཞང་ཡུས་སློབ་འབྲིང་དུ་མཐོ་འབྲིང་ལོ་རིམ་དང་པོ་འགྲིམ་བཞིན་ཡོད། ཁོང་ཚོས་ཉིན་གཉིས་མེ་འཁོར་ལ་བསྡད་དེ་ཟི་ལིང་དུ་འབྱོར་མ་ཐག ལམ་སེང་ཕ་ཡུལ་དུ་སྐྱོད་མཁན་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ནང་འཛུལ། ཁོང་ཚོ་མང་ཆེ་བ་ནང་སར་བསྐྱོད་ཐེངས་དང་པོ་རེད།
     ལེའོ་ཉིང་དུ་སློབ་སྦྱོང་བྱེད་པར་བསྐྱོད་ཐུབ་པས་མཚོ་སྐྱིད་ཀྱི་ཕུགས་འདུན་ཆུང་ངུ་ཞིག་འགྲུབ་ཡོད། “དེ་སྔོན་ཕྱི་རོལ་གྱི་འཇིག་རྟེན་ལ་བལྟ་འདོད་ཆེན་པོ་ཡོད”ཁོ་མོར་ད་དུང་ཕུགས་བསམ་ཆེན་པོ་ཞིག་ཡོད་པ་ནི་ན་སོ་དར་ལ་བབས་རྗེས་ཉེན་རྟོག་པ་ཞིག་བྱ་རྒྱུ་དེ་རེད། ཞབས་ཞུའི་ཁུལ་དུ་སྟབས་བདེའི་ཐུག་པ་སྦོང་སྐབས་ཉེན་རྟོག་པས་ལག་ཤུབས་ཕུད་ནས་ཆུའི་དྲོད་ཚད་བལྟས་པས་མཚོ་སྐྱིད་སེམས་འགུལ་ཆེན་པོ་ཐེབས། “ས་ཡོམ་རྒྱག་སྐབས་ང་ཚོར་རོགས་རམ་ཆེན་པོ་བྱས་བྱུང་། ངས་རྗེས་སུ་མི་གཞན་ལ་རོགས་རམ་དེ་བས་མང་བ་བྱ་རྒྱུ་ཡིན”ཞེས་བཤད།
     ལམ་བདེ་པོ་མེད་པས་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ཀྱིས་ཁ་ཡང་སེ་བཀག་ནས་མདུན་ཤེལ་ཐོག་ཆུ་འཁོལ་བཤོས་ནས་འཁྱག་པ་མི་ཐེབས་པ་བྱེད་ཀྱི་ཡོད། རྨ་སྟོད་བྲག་འཁྱོག་རིའི་ལམ་དུམ་དུ་འགྲིམ་འགྲུལ་ཉེན་རྟོག་པས་ཉིན་མཚན་བལྟོས་མེད་ངང་གངས་གཤོང་བཞིན་ཡོད།
     མཚན་མོའི་ཆུ་ཚོད་10པར་ཡུལ་ཤུལ་དུ་འབྱོར། དེ་གར་ཁྱིམ་བདག་གིས་ཁེངས་ཤིང་། ཁྱིམ་བདག་ཁག་གཅིག་ཕྱི་དྲོའི་ཆུ་ཚོད་ལྔ་པ་ནས་དེ་གར་སྒུག་བསྡད་ཡོད། འགྲིམ་འགྲུལ་ཉེན་རྟོག་པས་ཁྱིམ་བདག་ཚང་མས་རང་ཉིད་ཀྱི་ཕྲུ་གུ་བསུས་མ་ཚར་བར་སྒུག་ནས་བསྡད། འདི་ལོ་ནི་འགྲིམ་འགྲུལ་ཉེན་རྟོག་པ་ཉི་མ་སྒྲོལ་མས་སློབ་མ་སྲུང་སྐྱེལ་བྱེད་པའི་ལོ་བཞི་པ་དེ་རེད། “ང་ཚོའི་ཡུལ་ཤུལ་ནས་ནང་སའི་སློབ་གྲྭར་བསྐྱོད་ཐུབ་མཁན་8%ལས་མེད། ཁོང་ཚོ་ང་ཚོའི་ནོར་བུ་ལྟ་བུ་ཡིན་པས་ཁོང་ཚོར་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི་ངའི་ལས་འགན་རེད”ཅེས་སྤོབས་པ་ཆེན་པོས་བཤད།
     ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་སློབ་གསོ་ཅུས་ཡུལ་གཞན་སློབ་གཉེར་གཞུང་ལས་ཁང་གི་འགན་འཁུར་བ་ཚའེ་ཕེ་ཆིང་གིས་ངོ་སྤྲོད་བྱས་དོན། 2015ལོ་ནས་ད་བར། ཀྲོའུ་སྲིད་གཞུང་གིས་ཡུལ་གཞན་དུ་སློབ་གཉེར་ཐད་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.2བཏང་ཡོད། མིག་སྔར། ཡུལ་གཞན་དུ་སློབ་སྦྱོང་བྱེད་མཁན་སློབ་མ་6012དང་ཡུལ་གཞན་དུ་སློབ་གཉེར་བྱེད་སའི་སློབ་གྲྭ་48ཡོད། མཐོ་རིམ་སློབ་འབྲིང་གི་སློབ་མ་4044ཡིས་ལོ་ལྟར་མི་རེས་སློབ་ཡོན་སྒོར་5000ལས་སྤྲོད་དགོས་ཀྱི་མེད། དེ་བྱིངས་ཀྱི་སློབ་ཡོན་ཙག་ཙིག་དང་། གྱོན་ཆས་ཀྱི་རིན་པ། ཉལ་ཁང་གི་རིན་པ། འགྲིམ་འགྲུལ་སོགས་ཚུད་པའི་འགྲོ་གྲོན་ཚང་མ་ཀྲོའུ་སྲིད་གཞུང་གིས་སྤྲོད་ཀྱི་ཡོད་པ་དང་། དུད་ཚང་དབུལ་པོའི་བུ་ཕྲུག་1081གི་འགྲོ་གྲོན་ཚང་མ་ཀྲོའུ་སྲིད་གཞུང་གིས་སྤྲོད་ཀྱི་ཡོད་པ་རེད།