འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་1ཉིན།

༄༅།།མཚོ་སྔོན་གྱིས་ཁྱད་ལྡན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་01ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མཚོ་བོད་ས་མཐོའི་དབུས་སུ་ཆགས་པའི་མཚོ་སྔོན་ཞིང་ཆེན་ལ“འཛམ་གླིང་གི་འབྲི་གཡག་གྲོང་ཁྱེར”ཞེས་པའི་མཚན་སྙན་ཡོད་ལ་དེ་ནི་ཀྲུང་གོའི་བོད་རིགས་ས་ཁུལ་གྱི་ནས་ལས་སྣོན་གཞན་སྒྱུར་བྱེད་ཚད་མཐོ་ཤོས་ཀྱི་ཞིང་ཆེན་ཞིག་ཀྱང་རེད། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་གྱིས་བྱེད་ཐབས་སྣ་མང་ལ་བརྟེན་ནས་འབྲི་གཡག་དང་ནས་ཚུད་པའི་ཁྱད་ལྡན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
     མཚོ་སྔོན་ནི་ཀྲུང་གོའི་འབྲོག་ཁུལ་ཆེན་པོ་བཞིའི་གྲས་ཤིག་ཡིན་པ་དང་འབྲོག་ལས་ནི་ཀ་རྟེན་ཐོན་ལས་རེད། ཞིང་ཆེན་དེའི་འབྲི་གཡག་ལག་ཡོད་མགོ་གྲངས་ཁྲི་481ཟིན་ནས་འཛམ་གླིང་གི་གསུམ་ཆ་གཅིག་བཟུང་བ་དང་། ཀྲུང་གོའི་ཞིང་ཆེན(རང་སྐྱོང་ལྗོངས)གྱི་ཨང་དང་པོ་ཡིན་པ་རེད། 2018ལོར། མཚོ་སྔོན་ཞིང་ཆེན་གྱི་ནས་ཀྱི་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་100ཟིན་པ་དང་། ནས་ཀྱི་ཐོན་འབོར་གྱིས་ཀྲུང་གོའི་བོད་རིགས་ས་ཁུལ་གྱི་ནས་ཀྱི་སྤྱིའི་ཐོན་འབོར་གྱི་20%ཡན་བཟུང་བ། ནས་ཚོང་ཟོག་ཅན་དུ་གྱུར་ཚད་83%ཡན་ཟིན་གྱི་ཡོད་པ་རེད།
     མཚོ་སྔོན་ཞིང་ཆེན་གྱིས《མཚོ་སྔོན་ཞིང་ཆེན་གྱི་འབྲི་གཡག་དང་ནས་ཐོན་ལས་འཕེལ་རྒྱས་སྐོར་གྱི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི》ལ་གཞིགས་ཏེ་ཐོན་ལས་གླིང་དང་ཁྱད་ལྡན་རྟེན་གཞི་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་། སྤུས་རྟགས་གསར་གཏོད་དང་ཚད་གཞི་བཟོ་བ། སྤུས་ལེགས་ཐོན་རྫས་ལས་སྣོན་དང་ཐོན་ལས་མཉམ་འདྲེས། ཕྱི་ཕྱོགས་རྣམ་པའི་གཉེར་སྐྱོང་བཅས་བྱས་ནས་འབྲི་གཡག་ཐོན་ལས་གླིང་དང་། ནས་ཐོན་ལས་གླིང་། ཚད་གཞི་མཐོ་བའི་ཐོན་སྐྱེད་ལས་རིམ་དང་ཐོན་སྐྱེད་ལེགས་ཆའི་ཁུལ་3ནས་5བར་བསྐྲུན་ཏེ་འབྲི་གཡག་དང་ནས་ཀྱི་ཐོན་རྫས་ཕྱིར་གཏོང་ཐུབ་པའི་ཐད་ཚད་བརྒལ་ཡོང་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོར། མཚོ་སྔོན་ཞིང་ཆེན་གྱིས་མཉམ་ལས་ཁང་གི་མ་རྐང་ལམ་ལུགས་སྒྱུར་བཀོད་དང་ཚད་ལྡན་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་དང་འབྲོག་པའི་བྱང་ཚད་དང་ཚན་རིག་དང་མཐུན་པའི་གསོ་ཚགས་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ། བཤས་གཏོང་ཚད་དང་ཚོང་ཟོག་དུ་འགྱུར་ཚད་མང་དུ་གཏོང་རྒྱུ་རེད། ཞིང་ཁུལ་གྱི་ཕྱུགས་ལས་དར་རྒྱས་གཏོང་བའི་འཆར་གཞི་ལག་ལེན་བསྟར་ནས“འབྲུ་རིགས་གཟན་ཆག་ལ་འགྱུར་རྒྱུར”སྐུལ་འདེད་བཏང་སྟེ་རྩྭ་ལས་དང་འབྲོག་ལས་འཕེལ་རྒྱས་གཏོང་བ་དང་འདེབས་གསོ་ཟུང་འབྲེལ་དང་རྩྭ་ཕྱུགས་མཉམ་འགུལ་གྱི་འཁོར་རྒྱུག་འཕེལ་རྒྱས་ལམ་སྲོལ་འཛུགས་རྒྱུ་ཡིན་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། 2019ལོར། མཚོ་སྔོན་གྱིས་སྔོན་ལ“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”(སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་དང་། ལྗང་མདོག་བཟའ་བཅའ། སྐྱེ་ལྡན་ཞིང་ལས་ཐོན་རྫས། ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་བཅས་ཀྱི་སྤྱི་མིང)གི་ཁེ་ལས་དང་མཉམ་ལས་ཁང་དང་ཞིང་ཆེན་རིམ་པ་ཡན་གྱི་སྣེ་འདྲེན་ཁེ་ལས་ཚང་མ་ཁུངས་འདེད་ཐུབ་པའི་མ་ལག་ནང་བཅུག་པ་དང“དྲ་སྦྲེལ་+”རིག་ལྡན་ཞིང་འབྲོག་ལས་ཀྱི་གྲངས་གཞི་ཆེན་པོའི་ལས་སྟེགས་འཛུགས་སྐྲུན་དང་བེད་སྤྱོད་བྱས་པ་བརྒྱུད། ཆ་འཕྲིན་ལྟ་སྐུལ་དོ་དམ་ལས་སྟེགས་བཏོད་དེ་ཐོན་སྐྱེད་དང་། བཤས་གཏོང་ལས་སྣོན། འཁོར་རྒྱུག་བཅས་ལ་གཞིགས་ཏེ་ལྷུ་ཚིགས་དབྱེ་ནས་སྐུལ་འདེད་གཏོང་རྒྱུ་རེད།
     འཆར་གཞིར་གཞིགས་ན། མཚོ་སྔོན་གྱིས་ལོ་3ནས་5ཡི་ནང་ཅུང་འཐུས་སྒོ་ཚང་བའི་འབྲི་གཡག་དང་བོད་ལུག་གི་ཁུངས་འདེད་ཐུབ་པའི་མ་ལག་བཙུགས་ཏེ་ཀྲུང་གོར་སྔ་སྣུར་དུ་ནོར་ལུག་བརྒྱུད་རིམ་ཧྲིལ་པོ་ཁུངས་འདེད་ཐུབ་པའི་དམིགས་ཚད་མངོན་འགྱུར་ཐུབ་པ་དང་། ལོ་5ཡི་ནང་ནས་དང་། འདྲེ་ཚེར་མ། པད་ཁ་བཅས་དང་སྤུས་རྟགས་གཞན་དག་ལ་རྒྱ་སྐྱེད་གཏོང་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།