འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་31ཉིན།

༄༅༎ལི་ཁེ་ཆང་དང་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སེན་གྱིས“ཀྲུང་གོ་དང་ཁམ་ཕུ་ཁྲེའི་རིག་གནས་
ཡུལ་སྐོར་ལོའི” འགོ་ཚུགས་མཛད་སྒོར་ཤིས་ཚིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་31ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
         མི་དམངས་དྲ་བའི་འཕྲིན། 2019ལོའི“ཀྲུང་གོ་དང་ཁམ་ཕུ་ཁྲེའི་རིག་གནས་ཡུལ་སྐོར་ལོའི”འགོ་ཚུགས་མཛད་སྒོ་ཟླ་1ཚེས་30ཉིན་ཁམ་ཕུ་ཁྲེའི་ཕ་ནོམ་ཕེན་དུ་འཚོགས་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སེན་གྱིས་འགོ་ཚུགས་མཛད་སྒོར་ཤིས་ཚིག་སྤྲིངས་པ་རེད།
         ལི་ཁེ་ཆང་གིས་ཤིས་ཚིག་ནང་། ཀྲུང་གོ་དང་ཁམ་ཕུ་ཁྲེའི་སྲོལ་རྒྱུན་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ཕན་ཚུན་དབར་ཁྱིམ་མཚེས་ཡག་པོ་དང་། གྲོགས་པོ་བཟང་པོ། རོགས་ཟླ་ཡག་པོ། སྤུན་ཟླ་བཟང་པོ་བཅས་ཡིན། ཀྲུང་ཁམ་རྒྱལ་ཁབ་གཉིས་པོར་ཡུན་རིང་གི་ལོ་རྒྱུས་དང་།  འོད་སྟོང་འཕྲོ་བའི་རིག་གནས། མཛེས་སྡུག་ལྡན་པའི་ཡུལ་ལྗོངས་བཅས་ལྡན་པ་མ་ཟད། ཝུའུ་ཀོའི་གནའ་ཤུལ་གྱི་ལྡེབས་རིས་ཐོག་ཏུ་ལོ་ཆིག་སྟོང་ལྷག་གི་སྔོན་ལ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་མཛའ་མཐུན་གྱི་འགྲོ་འོང་བྱེད་པའི་གསོན་ཉམས་ལྡན་པའི་རྣམ་པ་བཀོད་ཡོད། ཉིན་འགའི་སྔོན་ལ། དབུ་བཞུགས་བློན་ཆེན་ཧུང་སེན་གྱིས་ངའི་གདན་ཞུས་ལྟར་ཀྲུང་གོར་འཚམས་འདྲི་གནང་བ་དང་། ཐུན་མོང་ཐོག“ཀྲུང་གོ་དང་ཁམ་ཕུ་ཁྲེའི་རིག་གནས་ཡུལ་སྐོར་ལོའི”བྱེད་སྒོ་གཉེར་རྒྱུ་དེ་ང་དང་དབུ་བཞུགས་བློན་ཆེན་ཧུང་སེན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་ཞིག་ཡིན། ཕྱོགས་གཉིས་པོས་རིག་གནས་ཡུལ་སྐོར་ལོ་དེ་གོ་སྐབས་སུ་འཛིན་ནས། རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། མི་སྣ་འགྲོ་འོང་བྱེད་ཤུགས་ཆེ་རུ་བཏང་བ་། ཤེས་དཔལ་ཕན་ཚུན་མིག་དཔེར་འཛིན་པ། དམངས་སེམས་གཅིག་མཐུན་ཡོང་བ་བྱ་རྒྱུ་བཅས་ལ་སྐུལ་འདེད་བཏང་ནས། ཐུན་མོང་ཐོག་ཀྲུང་ཁམ་དབར་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ཆེད་སྔར་ལས་ཟབ་པའི་དམངས་འདོད་དང་སྤྱི་ཚོགས་ཀྱི་རྨང་གཞི་གསོ་སྐྱོང་བྱེད་དགོས་པའི་རེ་བ་ཡོད་ཅེས་བརྗོད།
         ཧུང་སེན་གྱིས་ཀྲུང་ཁམ་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་དུས་ཡུན་རིང་པོའི་ནང་བརྟན་པོར་འགྱུར་ཡོད་ཅིང་། ཁྱབ་ཁོངས་ཁག་གི་མཉམ་ལས་ཉིན་བཞིན་ཟབ་ཏུ་ཕྱིན་ལ། གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། “ཀྲུང་གོ་དང་ཁམ་ཕུ་ཁྲེའི་རིག་གནས་ཡུལ་སྐོར་ལོ་”འགོ་ཚུགས་པ་དེ་“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཛའ་མཐུན་མཉམ་ལས་གཏིང་ཟབ་ཏུ་འགྲོ་རྒྱུ་དང་། གཉིས་ཁེ་གཉིས་ཕན་མངོན་འགྱུར་ཡོང་རྒྱུ།  རྒྱལ་ཁབ་གཉིས་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད་ཡོད་པ་རེད།