འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་31ཉིན།

༄༅།།རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་
བརྒྱད་པ་པེ་ཅིང་དུ་མཇུག་འགྲིལ་བ་དང་། ལི་ཀྲན་ཧྲུའུ་ཡིས་གཙོ་སྐྱོང་གནང་།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་31ཉིན། 13:12】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅།།རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་
བརྒྱད་པ་པེ་ཅིང་དུ་མཇུག་འགྲིལ་བ་དང་། ལི་ཀྲན་ཧྲུའུ་ཡིས་གཙོ་སྐྱོང་གནང་།
       མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་30ཉིན་གྱི་སྔ་དྲོར་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བརྒྱད་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་མཇུག་འགྲིལ་བའི་ཚོགས་འདུ་འཚོགས་པ་དང་། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་གཙོ་སྐྱོང་གནང་བ་རེད། 
        རྒྱུན་ལས་ཨུན་ལྷན་གྱི་ཁོངས་མི་170ཚོགས་འདུར་ཞུགས་པ་དང་། ཚོགས་ཞུགས་མི་གྲངས་ནི་ཁྲིམས་ལས་གཏན་འཁེལ་བྱས་པའི་ཁ་གྲངས་དང་མཐུན་པ་རེད། 
         གྲོས་ཚོགས་ལས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པའི་སྐོར་གྱི་བཅའ་ཁྲིམས་འཆར་ཟིན་གྲོས་ཞིབ་གནང་རྒྱུར་ཕུལ་བའི་གྲོས་གཞི་ལ་བརྡས་ཐག་བཅད་ཅིང་གྲོས་འཆམ་བྱུང་བ་དང་། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པའི་སྐོར་གྱི་བཅའ་ཁྲིམས་འཆར་ཟིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ་ཐག་བཅད་པ་མ་ཟད། ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲེང་ལ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་ཚོགས་ལ་གསལ་བཤད་བྱ་རྒྱུ་མངགས་བཅོལ་བྱས་ཡོད། 
         གྲོས་ཚོགས་ནས་གྲོས་ཐག་བཅད་པར་བརྒྱུད། ལི་ཉིང་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པར་བསྐོས། ཀའོ་ཅིང་ཧུང་ནི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན་གཞོན་པ་དང་། འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། འདྲི་གཅོད་ཨུ་ཡོན་ལ་བསྐོས། ཅང་ཧུང་ཅུན་ནི་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་དམག་དོན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན་ལ་བསྐོས། 
         གྲོས་ཚོགས་ནང་ལས་གནས་བསྐོ་འཐེན་གཞན་ལའང་གྲོས་འཆམ་བྱུང་ཡོད་པ་རེད།
        རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲེང་དང་། ཚའོ་ཅེན་མིང་། ཀྲང་ཁྲུན་ཞན། ཧྲེང་ཡུའེ་ཡུའེ། ཅི་པིང་ཞོན། ཨེ་ལི་ཀེན་དབྱི་མིང་པ་ཧའེ། ཝང་ཨུ་ཞང་། ཁྲེན་ཀྲུའུ། ཝང་ཏུང་མིང་། པདྨ་འཕྲིན་ལས། ཏིང་ཀྲང་ལི། ཧའོ་མིང་ཅིང་། ཁྲའེ་ཏཱ་ཧྥུན། ཝང་ཝེ་ཧྭ་དང་། དྲུང་ཡིག་ཆེན་མོ་ཀྲེན་ཝང་ཚོགས་འདུར་ཞུགས་ཡོད། 
        རྒྱལ་སྲིད་ཨུ་ཡོན་ཝང་དབྱི་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན་ཀྲོའུ་ཆང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་པ་ཀྲང་ཅུན། རྒྱལ་ཁབ་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་ཁོངས་མི་དང་། ཞིང་ཆེན་(ལྗོངས་དང་གྲོང་ཁྱེར)ཁག་གི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བ། དེ་བཞིན་དུ་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་སོགས་ཚོགས་འདུར་ཟུར་ཞུགས་གནང་ཡོད། 
         མཇུག་འགྲིལ་ཚོགས་འདུ་གྲོལ་རྗེས། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱིས་ཆེད་དོན་འཆད་ཁྲིད་ཐེངས་དགུ་པ་སྤེལ་བ་དང་། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་གཙོ་སྐྱོང་གནང་། ཚོང་དོན་པུའུ་ཡི་པུའུ་ཀྲང་གི་ལས་རོགས་ལི་ཁྲེན་ཀང་གིས་《སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་བཞི་བཅུའི་རིང་གི་ཕྱི་རྒྱལ་གྱི་མ་དངུལ་བེད་སྤྱོད་པའི་བཅའ་ཁྲིམས་ལམ་ལུགས་ཀྱི་འགྱུར་ལྡོག་དང་སྔོན་དཔག》ཅེས་པའི་འཆད་ཁྲིད་གནང་བ་རེད།