འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་23ཉིན།

༄༅།།སྒོར་དུང་ཕྱུར་ཁྲི་90ལས་ཚད་བརྒལ་བྱུང་ནས་དཔལ་འབྱོར་སྤྱི་འབོར་སླར་ཡང་སྐས་རིམ་གསར་པར་སླེབས་པ། 

འཛམ་གླིང་གི་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་ཚད་30%ཙམ་ཟིན་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་23ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཕྱི་ཕྱོགས་ལ་ཡོངས་བསྒྲགས་བྱས་པར། ཞིབ་རྩིས་རགས་ཙམ་བྱས་པ་བརྒྱུད་2018ལོའི་ལོ་ཧྲིལ་པོའི་རང་རྒྱལ་གྱི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར་900309ཟིན་ནས་དཔལ་འབྱོར་སྤྱི་འབོར་སྒོར་དུང་ཕྱུར་ཁྲི་90ཡི་ལོ་རྒྱུས་ཀྱི་སྐས་རིམ་གསར་པར་ཐོག་མར་སླེབས་ཏེ་འཛམ་གླིང་གི་ཨང་གཉིས་པར་བརྟན་པོའི་ངང་གནས་ཡོད་པ་རེད།
     དཔལ་འབྱོར་གྲུབ་ཆ་ཟམ་མི་ཆད་པར་ལེཌ་སུ་བཏང་ཞིང་། 2018ལོར་རང་རྒྱལ་གྱི་ཐོན་ལས་གསུམ་པའི་རིན་ཐང་འཕར་མས་GDPབསྡུར་ཚད་ཀྱི་52.2%བཟུང་ནས་ལོ་གོང་མ་ལས་བརྒྱ་ཆའི་གྲངས་0.3འཕར་བ་དང་GDPའཕར་བར་ལེགས་སྐྱེས་འབུལ་ཚད་59.7%བཟུང་སྟེ་ཞབས་ཞུའི་ལས་རིགས་འདི་ཉིད་སྔར་བཞིན་དཔལ་འབྱོར་འཕར་བའི་ཀ་རྟེན་དུ་གྱུར་བ་དང་། མཐའ་སྣེའི་འཛད་སྤྱོད་གཏོང་སྒོས་GDPའཕར་བར་ལེགས་སྐྱེས་འབུལ་ཚད་76.2%ཟིན་ནས་མ་རྩ་གྲུབ་པའི་སྤྱི་འབོར་ལས་བརྒྱ་ཆའི་གྲངས་43.8%ཡིས་མཐོ་བ་ཡོད་པ་དང་དཔལ་འབྱོར་འཕར་བའི་རང་འགུལ་ནུས་པ་ཡིན་པའི་འཛད་སྤྱོད་སྔར་བས་སྲ་བརྟན་དུ་སོང་ཡོད།
     དམངས་འཚོའི་བདེ་རྩ་ཟམ་མི་ཆད་པར་ལེགས་སུ་སོང་ཞིང་། 2018ལོར་རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་1361གསར་དུ་ལས་ཞུགས་ཐུབ་ནས་ལོ་6བསྟུད་མར་མི་ཁྲི་1300ཡན་ལས་ཞུགས་ཐུབ་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་ལོ་འཁོར་དམིགས་ཚད་ཀྱི་123.7%ལེགས་གྲུབ་བྱུང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ཐུབ་པའི་ལས་ཀ་ཤོར་ཚད་ལོ་ཧྲིལ་པོར་5%ཙམ་དུ་རྒྱུན་འཁྱོངས་བྱུང་བ་དེ་སྔོན་དཔག་དམིགས་ཚད་ལས་5.5%ཡིས་དམའ་བ་ཡོད་པ། ལོ་ཧྲིལ་པོར་རྒྱལ་ཡོངས་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དངོས་སུ་འཕར་ཚད་དེ་མི་རེའི་ཆ་སྙོམས་GDPའཕར་ཚད་ལས་མགྱོགས་པ་བྱུང་ནས་དཔལ་འབྱོར་འཕར་བ་དང་གཞི་རྩའི་ཆ་ནས་གོམ་པ་མཉམ་བགྲོད་བྱུང་བ་རེད།