འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་22ཉིན།

༄༅༎ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སེན་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་22ཉིན། 14:54】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་གི་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སེན་དང་མཇལ་འཛོམས་གནང་བ་རེད།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་གི་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སེན་དང་མཇལ་འཛོམས་གནང་བ་རེད།
         མི་དམངས་དྲ་བའི་འཕྲིན། ཞི་ཅིན་ཕིང་གིས་ཧུང་སེན་གྱིས་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་དགའ་བསུ་ཞུས་པ་དང་། ཞི་ཅིན་ཕིང་གིས་ན་ནིང་ནི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་60འཁོར་བའི་ལོ་ཡིན་ལ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཆུ་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་བྱུང་ཡོད་ལ། ཐུན་མོང་ཐོག“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུ་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ཡོད་ཅིང་། ཕྱོགས་གཉིས་པོས་ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་འབྲེལ་གཏུག་དང་མཐུན་སྦྱོར་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཡོད། མིག་སྔར། ཀྲུང་ཁམ་གྱི་འབྲེལ་བར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་འཕྲད་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཁམ་ཕུ་ཁྲེའི་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་དམིགས་ཚད་དུ་བྱས་ནས། གོམ་གང་མདུན་སྤོས་ཀྱིས་མཉམ་ལས་ཀྱི་གཙོ་གནད་ཁ་གསལ་བཟོ་བ་དང་། འཕེལ་རྒྱས་ཀྱི་འཆར་གཞི་འཆར་འགོད་བྱས་ནས་ཀྲུང་ཁམ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སྐུལ་འདོད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། སྐུ་ཞབས་དབུ་བཞུགས་བློན་ཆེན་གྱི་འགོ་ཁྲིད་འོག་ཁམ་ཕུ་ཁྲེར་རྒྱལ་ཁབ་ཀྱི་འཛུགས་སྐྲུན་བྱ་གཞག་ཐད་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་ངེས་ཡིན་པར་ཡིད་ཆེས་ཡོད་། ཀྲུང་གོ་དང་ཁམ་ཕུ་ཁྲེས་ད་ཡོད་ཀྱི་རྨང་གཞིའི་ཐོག་ཆབ་སྲིད་དང་། དཔལ་འབྱོར། བདེ་འཇགས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བཅས་ཀྱི་ཁྱབ་ཁོངས་བཞིའི་མཉམ་ལས་གཙོ་བོར་བཟུང་ནས་ཤུགས་སྣོན་རྒྱག་དགོས་ཤིང་། མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱེད་དགོས་ལ། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་བྱེད་པར་ཤུགས་སྣོན་རྒྱག་དགོས། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་། ཁྲིམས་འཛུགས་ལས་ཁུངས། སྲིད་ཏང་། ས་གནས་སོགས་ཀྱི་འགྲོ་འོང་རྒྱ་ཆེར་གཏོང་དགོས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་དང་།  ཀྲུང་གོ—ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ། རྫ་ཆུ་དང་མའེ་ཀུང་གཙང་པོའི་མཉམ་ལས་སོགས་ཀྱི་ལམ་སྲོལ་ནང་གི་འབྲེལ་མཐུད་དང་མཉམ་ལས་ཟབ་ཏུ་གཏོང་དགོས། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་ཁམ་ཕུ་ཁྲེའི་འཕེལ་རྒྱས་ཀྱི་འཐབ་ཇུས་དང་སྦྲེལ་མཐུད་བྱ་རྒྱུ་མགྱོགས་སུ་བཏང་ནས་འགྲིམ་འགྲུལ་དང་། ཐོན་ནུས། ནུས་རྒྱུ། ཚོང་དོན། དམངས་འཚོ་སོགས་ཕྱོགས་ཆེན་པོ་ལྔའི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་ལ། རིག་གནས་དང་། ཡུལ་སྐོར། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་ཉམས་གསོ། གཞོན་ནུ་སོགས་ཀྱི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ཁྲིམས་བསྟར་བདེ་འཇགས་མཉམ་ལས་ཟབ་ཏུ་གཏོང་དགོས་ཞེས་ནན་གསུངས་གནང་བ་རེད།
         ཧུང་སེན་གྱིས་དེ་རིང་སྔ་དྲོ། ངས་ཀྲུང་གོས་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་40འཁོར་བའི་གྲུབ་འབྲས་འགྲེམས་སྟོན་ཆེ་གྲས་ལ་ལྟ་སྐོར་བྱས་པ་ཡིན། ངར་བག་ཆགས་ཟབ་མོ་བྱུང་། ཀྲུང་གོའི་མི་དམངས་ལ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཐོབ་པའི་གྲུབ་འབྲས་ཧ་ཅང་ཆེན་པོར་རྟེན་འབྲེལ་ཞུ་རྒྱུ་ཡིན། ཁམ་ཀྲུང་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རྒྱུན་ཆད་མེད་པར་བརྟན་དུ་དང་འཕེལ་རྒྱས་ཕྱིན་པ་དེར་མི་རྣམས་དགའ་འོས་པ་ཞིག་ཡོད། ཀྲུང་གོས་ཁམ་ཕུ་ཁྲེར་དུས་ཡུན་རིང་པོའི་ནང་བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་དང་རྩ་ཆེའི་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་དང་། ཀྲུང་གོས་ཁམ་ཕུ་ཁྲེ་དང་ལྷག་པར་དུ་ཁམ་ཕུ་ཁྲེའི་རྒྱལ་རྒྱུད་ལ་བཅངས་པའི་མཛའ་གྲོགས་བརྩེ་སེམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་ཁམ་ཀྲུང་དབར་གྱི་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་དགོངས་འཆར་གལ་ཆེན་ལ་མོས་མཐུན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་བསྐྲུན་བྱ་འདོད་ཡོད། དམངས་འཚོ་དང་། ཞིང་ལས། ཚོང་དོན། མ་འཇོག    ཡུལ་སྐོར། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ལ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་ཟབ་ཏུ་གཏོང་བ་དང་། ཁྲིམས་བསྟར་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་འབྲེལ་གཏུག་མཐུན་སྦྱོར་དམ་ཟབ་བྱེད་པ་དང་། མུ་མཐུད་ཕྱོགས་གཉིས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
        དབྱང་ཅེ་ཁྲི་དང་།  ཝང་དབྱི། ཧོ་ལེ་ཧྥུང་མཇལ་འཛོམས་གནང་སྐབས་ཞུགས་ཡོད་པ་རེད།