འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་22ཉིན།

༄༅།།པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འཕེལ་རིམ་གསར་པ་དེ་བས་ཆེ་བ་བྱུང་བ། 

—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་22ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས། 
      “འགག་རྩ”དམ་པོར་བཟུང་ནས་ལྷོད་གཡེང་མི་གཏོང་བ།
     “སྤྱི་ཡོངས་ཀྱི་མཐོ་ཚད་དང་དེ་བས་རྒྱང་རིང་གི་ཐོག་ནས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལས་དོན་ལ་ངོས་འཛིན་དང་ལས་དོན་ལེགས་པར་བསྒྲུབ་རྒྱུར་བསམ་གཞིག་བྱེད་དགོས”དང“ལོ་རྒྱུས་ཀྱི་ངང་རྒྱུད་དང་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས་ཏན་ཏིག་ངང་སྒྲུབ་པ་དང་། འགན་འཁྲི་འཁུར་ཕོད་པ། གསར་གཏོད་བྱེད་ཕོད་པ། བྱེད་མཁས་ལ་བྱས་རྗེས་ཐོན་པ་བྱེད་དགོས”ཞེས་པ་སོགས་ཉེ་ཆར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་ལ་ཚན་རིག་དང་མཐུན་པའི་ངང་ཇུས་འགོད་དང་ཕྱོགས་ཡོངས་ནས་བཀོད་སྒྲིག་དང་སྐུལ་འདེད་བཏང་གནང་ཡོད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་མཐུན་སྦྱོར་འཕེལ་རྒྱས་ཀྱི་རང་རྟོགས་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ཆེ་རུ་བཏང་སྟེ་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་ལ་ཚད་བརྒལ་གསར་པ་དང་ཕན་འབྲས་གསར་པ་ཐོན་པ་བྱེད་རྒྱུ་ཡིན་ཞེས་ཚང་མས་གཅིག་མཇུག་གཉིས་མཐུད་ངང་བརྗོད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འགག་རྩ”དམ་པོར་བཟུང་ནས་ལྷོད་གཡེང་མི་གཏོང་བར་བརྟན་ལ་གོ་རིམ་ལྡན་པའི་སྒོ་ནས་པེ་ཅིང་གི་རྒྱལ་སའི་བྱེད་ནུས་མིན་པ་གསེད་བཀྲོལ་བྱེད་དགོས་པའི་ནན་བཤད་གནང་ཡོད།
      ཀྲེ་ཅང་གི་ཚོང་པ་ལུའུ་ཅན་ཧྲེང་ཡང་པེ་ཅིང་གི་ཀྲེ་ཅང་ཁེ་ལས་ཚོང་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་ནང་གླེང་གནང་བའི“བརྟན་ལ་གོ་རིམ་ལྡན་པའི་ངང་ལག་བསྟར་ལ་སྐུལ་འདེད་གཏོང་དགོས”དང“ཁྲོམ་རའི་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱེད་དགོས”ཞེས་པ་སོགས་ལས་ཁོང་ལ་བག་ཆགས་ཆེན་པོ་བྱུང་ཡོད།
     ལོ་གསུམ་ལྷག་ཙམ་གོང་། ལུའུ་ཅན་ཧྲེང་པེ་ཅིང་ཏ་ཧུང་མོན་ཁྲོམ་གཞུང་ནས་ཁ་བྲལ་ཏེ་གྱོན་གོས་ཚོང་རྒྱག་མཁན་ཕ་ཡུལ་གཅིག་པ་མང་པོ་ཞིག་དང་མཉམ་དུ་བཟོ་གྲྭ་དང་ཚོང་ཁང་ཧོ་པེ་ཞིང་ཆེན་ལང་ཧྥང་ཡུང་ཆིང་དུ་སྤོས།
     ལུའུ་ཅན་ཧྲེང་གིས་དེ་སྔ་ང་ཚོ་གཞན་སྐུལ་ངང་ཁ་འགྲེམས་ཀྱི་ཡོད། རྗེས་སུ་དྲ་ཐོག་དྲ་མིན་ཟུང་འབྲེལ་སོགས་ཀྱི་བྱ་ཐབས་གསར་པ་བརྒྱུད་རང་འགུལ་ངང་ཕྱོགས་སྒྱུར་རིམ་སྤོར་བྱེད་ཀྱི་ཡོད། ཁྲོམ་ར་དང་ལག་རྩལ་ཡག་པོ་སྤྱད་ཚེ་ལས་གཏོད་ཁོར་ཡུག་ཡངས་པོ་གཏོད་ཐུབ་ཅེས་བརྗོད།
     “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐབས་ཤེས་དང་བྱ་ཐབས་ལ་དེ་བས་དོ་སྣང་བྱས་ནས་བརྟན་ལ་གོ་རིམ་ལྡན་པའི་སྒོ་ནས་པེ་ཅིང་གི་རྒྱལ་སའི་བྱེད་ནུས་མིན་པ་གསེད་བཀྲོལ་བྱེད་པར་ཁ་ཕྱོགས་གསལ་སྟོན་གནང་ཡོད”ཅེས་པེ་ཅིང་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཐན་ཤུས་ཞང་གིས་བརྗོད་པ་དང་། ཁོང་གིས་གསེད་བཀྲོལ་དང་ཚོད་འཛིན་གལ་ཆེ་མཉམ་འཛིན་དང་སྲིད་གཞུང་དང་ཁྲོམ་ར་ཕྱོགས་གཉིས་པོས་ཤུགས་འདོན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གསེད་བཀྲོལ་དང་བཅོས་སྒྲིག་དང་བཟང་སྒྲིག་མཐོར་གཏོང་ལ་དུས་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ས་ཁོངས་ལ་དོ་ཁུར་བྱེད་པ། མུ་མཐུད་གསེད་བཀྲོལ་དང་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ་དང་མཐོར་གཏོང་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱལ་སའི་ལྟེ་བའི་བྱེད་ནུས་རྒྱུན་ཆད་མེད་པར་བཟང་སྒྲིག་དང་ཆེ་རུ་གཏོང་དགོས་ཞེས་བརྗོད།
      འགྲོ་ལམ་གཙང་སྦྲ་དོད་ལ་གཞུང་ལས་ཐོག་བརྩེགས་ཁང་ཆེན་ཉམས་དང་ལྡན་པ་ཞིག་ཡོད་ཅིང་། པེ་ཅིང་གྲོང་ཁྱེར་ཐུང་ཀྲོའུ་ཆུས་ལུའུ་ཁྲེང་གྲོང་རྡལ་པེ་ཡུན་ཆུ་བོའི་བྱང་ངོགས་སུ་པེ་ཅིང་གྲོང་ཨུད་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། གྲོང་ཁྱེར་སྲིད་གྲོས་གཞུང་ལས་ཁུལ་བཅས་བྱང་ཤར་ནུབ་གསུམ་དུ་གྲལ་བསྟར་བསྒྲིགས་པོས་གནས་ཡོད།
     པེ་ཅིང་གི་གྲོང་ཁྱེར་འཛུགས་སྐྲུན་ཚོགས་པའི་གྲོང་ཁྱེར་གྱི་ལྟེ་བ་ཕལ་པ་དང་། A1ལས་གྲྭའི་རྣམ་གྲངས་ཀྱི་རྒྱུན་ལས་ཅིང་ལི་གཞོན་པ་ཧུའུ་ཤན་ཀྲང་གིས་གྲོང་ཨུད་ཀྱི་གཞུང་ལས་ཐོག་བརྩེགས་ཁང་ཆེན་སྐྲུན་འགན་ཁུར་ཞིང་། ཁོང་གིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་ནང་པེ་ཅིང་གྲོང་ཁྱེར་གྱི་ལྟེ་གནས་ཕལ་པའི་འཆར་འགོད་འཛུགས་སྐྲུན་ལ་སྤུས་ཚད་མཐོ་བའི་ངང་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་ཡོད། འདི་ནི་ང་ཚོ་འཐབ་ཕྱོགས་དང་པོའི་འཛུགས་སྐྲུན་པར་བསྔགས་སྐུལ་གནང་བ་ཞིག་རེད་ལ་ལྕག་སྐུལ་གནང་བ་དེ་བས་ཀྱང་རེད། ང་ཚོས་ངེས་པར་དུ་སྤུས་ཚད་དང་ཚད་གཞི་དེ་བས་མཐོ་བའི་སྒོ་ནས་པེ་ཅིང་གྲོང་ཁྱེར་གྱི་ལྟེ་གནས་ཕལ་པའི་དུས་ཐེངས་གཉིས་པའི་ལས་གྲྭ་འཛུགས་སྐྲུན་བྱེད་རྒྱུ་ཡིན”ཞེས་བརྗོད།
     སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་འབྱུང་གནས་བཏོད་པ།
     རང་བརྟེན་གསར་གཏོད་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་བླང་བྱ་ཞིག་དང་འདེགས་སྐྱོར་གལ་ཆེན་ཞིག་རེད།
     འཆར་འགོད་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་10.3ཟིན་པའི་ཐེན་ཅིན་པིང་ཧའེ-ཀྲུང་ཀོན་ཚུན་ཚན་རྩལ་གླིང་དུ་གཟའ་མཇུག་ཡིན་རུང་ཁེ་ལས་མི་ཉུང་བ་ཞིག་སྔར་བཞིན་ལས་ལ་བྲེལ་བཞིན་ཡོད། གླིང་ཁུལ་ནང་ཐེན་ཅིན་གཱ་ལེར་འཕྲུལ་མི་ཚད་ཡོད་ཀུང་སིའི་CEOདབྱིན་ལི་དང་ཞིབ་འཇུག་གསར་སྤེལ་རུ་ཁག་གིས་ཇི་ལྟར་བྱས་ཏེ་འཕྲུལ་མིའི་འཕྲུལ་ལག་གིས་ཅ་དངོས་བཟུང་ཤུགས་ཆེ་རུ་གཏོང་བའི་ཐད་གྲོས་བསྡུར་འཁྲུག་པོ་བྱེད་བཞིན་འདུག
     “སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ལས་ཚང་མར་སེམས་འགུལ་ཚད་མེད་ཐེབས་སོང་ལ། ང་ཚོའི་སླད་ཕྱིན་གྱི་གསར་གཏོད་ལ་ཁ་ཕྱོགས་གསལ་སྟོན་གནང་བྱུང”ཞེས་དབྱིན་ལིས་བརྗོད་པ་དང་། ཁོང་གིས་ཀུང་སིའི་གོང་འོག་ཚང་མས་ངར་ཤུགས་གཅིག་ཏུ་བསྒྲིམས་ནས་མུ་མཐུད་གསར་གཏོད་འགག་སྒྲོལ་བྱེད་པ་དང་། ཚོང་སྤྱོད་ཀྱི་ཞབས་ཞུ་རྣམ་པའི་འཕྲུལ་མི་བེད་སྤྱོད་བྱེད་རྒྱ་ཆེ་རུ་བཏང་སྟེ“ཀྲུང་གོའི་ལན་པར”སྔར་བས་མངོན་གསལ་དོད་པོ་ཡོང་བ་བྱེད་རྒྱུ་ཡིན་ཞེས་བརྗོད།
     བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྒྱུར་བཅོས་གསར་གཏོད་ལ་སྒུལ་ཤུགས་ཡོད་དགོས་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་སྒུལ་ཤུགས་ཀྱི་འབྱུང་གནས་གལ་ཆེན་གྱི་ནུས་པ་འདོན་སྤེལ་བྱེད་དགོས་པའི”བླང་བྱ་བཏོན་གནང་བ་མཐོང་སྐབས་ཧོ་པེ་ཚང་ཀྲོའུ་པོ་ཧའེ་ཁུལ་གསར་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཀྲང་གོ་ཏུང་ལ་སེམས་འགུལ་ཚད་མེད་ཐེབས་ཤིང་། ཁོང་གིས“པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཇུས་འགོད་བྱེད་པ་ནས་ལག་བསྟར་བྱེད་པའི་བར་ས་ཁུལ་གསུམ་ལ་ས་ཁོངས་སྒྲོལ་བའི་སྲིད་ཇུས་མཐུན་སྦྱོར་དང་ཁེ་ཕན་མཉམ་སྤྱོད་སོགས་ཀྱི་རིམ་པ་ཟབ་པའི་མཐུན་སྦྱོར་དེ་བས་མང་བ་ཡོང་རྒྱུ་ཡིན་པས་དེར་བློ་སྟོབས་དེ་བས་ཆེ་བ་དང་བློ་གྲོས་དེ་བས་མང་བ་དགོས་ཀྱི་ཡོད། 
     ང་ཚོས་ལས་དོན་དངོས་ནང་ཏན་ཏིག་སྒྲུབ་པ་དང་འགན་འཁྲི་འཁུར་ཕོད་པ་དང་། གསར་གཏོད་བྱེད་ཕོད་པ་བྱེད་ཀྱི་ཡིན”ཞེས་བརྗོད།
     སྒྲིག་གཞི་ལམ་སྲོལ་གྱི་འགོག་རྐྱེན་སེལ་བ་ནི་མཐུན་སྦྱོར་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལམ་ལུགས་ཀྱི་འགན་ལེན་ཞིག་རེད།
     ཧོ་པེ་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཏང་ཞའོ་ལུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་སྒྲིག་གཞི་ལམ་སྲོལ་སྒྱུར་བཅོས་གསར་གཏོད་གཙོ་གནད་དུ་བྱས་ཏེ་ས་ཁོངས་སྒྲོལ་བའི་སྲིད་ཇུས་མཐུན་སྦྱོར་དང་། ཁེ་ཕན་ཁ་གསབ་བགོ་བཤའ། སྤྱི་པའི་ཞབས་འདེགས་དོ་སྙོམས་ཅན། འཕྲེད་ཕྱོགས་སྣོད་བཅུད་ཁ་གསབ་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་སུ་སྲིད་ཇུས་གསར་གཏོད་བྱ་རྒྱུ་ཡིན་ཞེས་བརྗོད།
     མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་པ།
     མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་ནི་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་ས་ཞིག་རེད།
      ཀྲུང་ཀོན་ཚུན་སློབ་ཆུང་གསུམ་པའི་ཞུང་ཨན་སློབ་ཁུལ(དེ་སྔ་ཞུང་ཨན་སློབ་ཆུང་གཉིས་པ་ཡིན་པ)ནི་པེ་ཅིང་གིས་ཞུང་ཨན་ཁུལ་གསར་ལ་ཁ་གཏད་རོགས་སྐྱོར་བྱས་པའི་སློབ་གྲྭ་བཞི་ཡི་གྲས་ཤིག་ཡིན་ཞིང་། ཉེ་ཆར་སློབ་གྲྭས་དགེ་རྒན་དང་ལས་བཟོ་ཡོངས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་དང་པོ་འཚོགས་པ་རེད།
     “སྤྱི་ཁྱབ་ཧྲུའུ་ཅི་ཞིན་ཅིན་ཕིང་གིས་གཞི་རྩའི་སྤྱི་པའི་ཞབས་འདེགས་མཉམ་སྐྲུན་མཉམ་སྤྱོད་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བར་ང་ལ་མྱོང་ཚོར་ཟབ་མོ་བྱུང་། ན་ནིང་ཟླ་9པའི་སློབ་དུས་གསར་པ་ཤར་ཚུན། ཀྲུང་ཀོན་ཚུན་སློབ་ཆུང་གསུམ་པར་རིག་ཚན་ཁག་གི་རྐང་འཛིན་དགེ་རྒན་12མངགས་བྱུང་། མིག་སྔར་ང་ཚོས་དགེ་རྒན་དཔུང་ཁག་དང་སློབ་ཚན་སོགས་ཀྱི་ཐད་ལས་ཀའི་ལམ་སྲོལ་གསར་རྐྱང་བཙུགས་པས་དགེ་རྒན་གྱི་སློབ་ཁྲིད་ཆུ་ཚད་ཧྲིལ་པོ་མཐོ་རུ་འགྲོ་བར་སྐུལ་མ་ཐེབས་ཡོད། ཁ་གཏད་རོགས་སྐྱོར་བརྒྱུད། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ས་ཁུལ་གྱི་སློབ་གསོ་དེ་བས་སྤུས་ལེགས་དང་དོ་སྙོམས་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་སློབ་སྤྱི་ཁྲང་ཝུན་ཧྥེང་གིས་བརྗོད།
     ཧོ་པེ་ཞིང་ཆེན་ལང་ཧྥང་གྲོང་ཁྱེར་ཀོང་དབྱང་ཆུས་མི་དམངས་སྨན་ཁང་གི་སྨན་པ་ལི་ཀོང་ཕིང་གིས་རྒྱང་ཁྲིད་སྙིང་པར་ལྷན་འཛོམས་ནད་དཔྱད་ལས་སྟེགས་བརྒྱུད། པེ་ཅིང་ཤོན་ཝུའུ་སྨན་ཁང་གི་རིགས་གཅིག་མཁས་ཅན་དང་མཉམ་དུ་ནད་པར་ནད་གཞི་ལྟ་བཞིན་འདུག
     “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ང་ལ་སེམས་འགུལ་ཆེ་ཤོས་ཐེབས་པ་ནི་སློབ་གསོ་དང་སྨན་བཅོས་ཐོན་ཁུངས་ཀྱི་བཀོད་པ་ལེགས་སུ་གཏོང་དགོས་ཞེས་པ་འདི་རེད། ལོ་འདི་དག་རིང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་ཀྱིས་སྨན་བཅོས་ཀྱི་ཐོན་ཁུངས་སྤུས་ལེགས་དེ་བས་ལེགས་པ་དང་དོ་སྙོམས་འཕེལ་རྒྱས་ལ་སྐུལ་མ་ཐེབས་ཡོད། ང་ཚོས་མཉམ་ལས་གཏིང་ཟབ་དང་ལེགས་སྐྱེས་ཕུལ་ནས་མི་སེར་གྱིས་དོ་ཁུར་བྱེད་པའི་གླེང་མང་བ་དང་དཀའ་གནད་ཆེ་བའི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་གི་ཡིན”ཞེས་ལི་ཀོང་ཕིང་གིས་བརྗོད།
     སྣོད་བཅུད་སྲུང་སྐྱོང་ནི་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཕྱོགས་གལ་ཆེན་ཞིག་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་སྣོད་བཅུད་ཁོར་ཡུག་མཉམ་སྐྲུན་དང་། མཉམ་འགོག མཉམ་བཅོས་ལ་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་གནང་ཡོད།
     གློག་ཤུགས་མྱུར་བགྲོད་གཞུང་ལམ་དང་འདྲ་བར་ཆན་ཧྥུའུ་1000གི་ཆེས་གློག་ཆེན་གྱི་སྤེལ་རྒྱུག་གློག་སྐྱེལ་གློག་སྒྱུར་ལས་གྲྭ་ཟླ་གསུམ་པར་དངོས་སུ་སྐྲུན་འགོ་འཛུགས་རྒྱུ་དང་ཀྲང་པེ་རྩྭ་ཐང་གི་ཕུན་སུམ་ཚོགས་པའི་རླུང་ཤུགས་དང་འོད་ཤུགས་སོགས་གློག་ནུས་གཙང་མ་སྤྱི་ལེ་བརྒྱ་གྲངས་སར་གནས་པའི་ཞུང་ཨན་དུ་རྒྱུན་ཆད་མེད་པར་བརྒྱུད་གཏོང་བྱ་རྒྱུ་རེད།
     རྒྱལ་ཁབ་གློག་དྲ་ཧོ་པེ་པེ་ཅིང་གློག་ཤུགས་ཀུང་སིའི་ཏུང་ཧྲེ་ཀྲང་ཐེན་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནུས་རྒྱུ་གཙང་མ་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་ཡོད་པས་གློག་ཤུགས་ཀྱི་ནུས་རྒྱུ་དང་ཁོར་ཡུག་སྲུང་སྐྱོང་ལ་བླང་བྱ་དེ་བས་མཐོ་བ་བཏོན་གནང་ཡོད། དེས་ན་ང་ཚོས་སྔ་སྣུར་ནས་འཆར་འགོད་ཡག་པོ་བྱས་ཏེ་རང་ངོས་ཀྱི་ཐེག་ནུས་དང་གློག་ཤུགས་མཁོ་འདོན་གྱི་ཞབས་འདེགས་འགན་ལེན་བྱེད་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་གློག་ཤུགས་མཁོ་འདོན་ལ་བློས་འགེལ་ཆོག་པ་དང་གཙང་མ་ཡོང་བའི་འགན་ལེན་བྱེད་ཀྱི་ཡིན་ཞེས་བརྗོད།