མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཀྲུང་དབྱང་སྲིད་ཁྲིམས་ལས་དོན་ཚོགས་འདུའི་ཐོག་མི་དམངས་བདེ་སྡོད་ལས་བརྩོན་འགན་
ལེན་བྱེད་དགོས་ཞེས་ནན་བཤད་གནང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་18ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

༄༅།།ཞི་ཅིན་ཕིང་གིས་ཀྲུང་དབྱང་སྲིད་ཁྲིམས་ལས་དོན་ཚོགས་འདུའི་ཐོག་མི་དམངས་བདེ་སྡོད་ལས་བརྩོན་འགན་
ལེན་བྱེད་དགོས་ཞེས་ནན་བཤད་གནང་བ།

         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་སྲིད་ཁྲིམས་ལས་དོན་ཚོགས་འདུ་ཚེས་15དང་16ཉིན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཁོང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གིས་སྲིད་ཁྲིམས་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བཅས་བྱས་ཏེ་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། སྲིད་ཁྲིམས་ཁྱབ་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་སྒྱུར་བཅོས་ཟབ་གཏོང་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། སྲིད་ཁྲིམས་དཔུང་ཁག་གསར་བརྗེ་ཅན་དང་། ཚད་ལྡན་ཅན། ཆེད་ལས་ཅན། ལས་རིགས་ཅན་བཅས་སུ་བསྐྲུན་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ། ལྷག་བསམ་རྣམ་དག་གིས་འགན་འཁྲི་གཙང་སྒྲུབ་དང་། འགན་འཁྲི་འཁུར་ཕོད་པ། བྱས་རྗེས་འཇོག་ཕོད་པ། འབད་འབུངས་ཆེར་སྐྱེད་ཀྱིས་སྒྱུར་བཅོས་གསར་གཏོད། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་དང་། སྤྱི་ཚོགས་དུས་བབ་བརྟན་ལྷིང་འགན་ལེན། སྤྱི་ཚོགས་གཞུང་དྲང་དྲང་བདེན་ལ་སྐུལ་འདེད་གཏོང་བ། མི་དམངས་བདེ་སྡོད་ལས་བརྩོན་འགན་ལེན་བཅས་ཀྱི་འགན་འཁྲི་དང་ལས་འགན་ཡག་པོ་བསྒྲུབས་པ་བཅས་བྱས་ཏེ་སྲིད་ཁྲིམས་བྱ་གཞག་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་རྩོམ་དགོས་ཞེས་ནན་བཤད་གནང་བ་རེད།
        ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་ཡག་པོ་བྱས་ནས་མི་དམངས་ཀྱི་ཆེད་དུ་སྤྱི་ཚོགས་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ཕུལ་བྱུང་སྲོལ་རྒྱུན་དང་ལག་རྩལ་གསར་པ་དང་བྱེད་ཐབས་གསར་པ་ཟུང་འབྲེལ་མཁས་པོ་བྱེད་པ། མང་ཚོགས་སྒྲིག་འཛུགས་དང་མང་ཚོགས་སྐུལ་སློང་གི་ལམ་སྲོལ་གསར་གཏོད་བྱེད་པ། དམངས་ཀྱི་ཆེད་དུ་ཁེ་ཕན་དོན་གཉེར་དང་། དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་པ། དམངས་ཀྱི་ཆེད་དུ་སེམས་ཁྲལ་སེལ་བ་བཅས་ཀྱི་ལམ་སྲོལ་གསར་གཏོད་བཅས་བྱས་ཏེ་མང་ཚོགས་ཀྱི་སྤྱང་གྲུང་དང་བློ་གྲོས་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་ཀྱི་རྫོགས་མཐའ་མེད་པའི་འབྱུང་རྩར་འགྱུར་བ་བྱེད་དགོས། མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གཙོ་གནད་ཁྱབ་ཁོངས་སུ་ཁྲིམས་བསྟར་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ་ནམ་མཁའ་དེ་བས་སྔོ་བ་དང་། ཆུ་མོ་དེ་བས་དྭངས་བ། མཁའ་རླུང་དེ་བས་གཙང་བ། བཟའ་བཅའ་དེ་བས་བདེ་འཇགས། འགྲིམ་འགྲུལ་དེ་བས་ཤར་བགྲོད། སྤྱི་ཚོགས་དེ་བས་ཞི་མཐུན་དང་སྒྲིག་ལམ་ལྡན་པ་བཅས་ཡོང་བ་བྱེད་དགོས།
         ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དེ་སྤྱི་ཚོགས་བཅོས་སྐྱོང་ནུས་པར་སྒྱུར་བ་བྱས་ཏེ་ཏང་ཨུད་ཀྱི་འགོ་ཁྲིད་དང་། སྲིད་གཞུང་གི་འགན་འཁྲི། སྤྱི་ཚོགས་མཐུན་སྦྱོར། དམངས་བྱིངས་ཞུགས་པ། ཁྲིམས་སྐྱོང་འགན་ལེན་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་སྒྲིག་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་རྣམ་པ་གཏོད་དགོས། དུས་བདེ་འཛུགས་སྐྱོང་ལས་དོན་གྱི་མཐུན་སྦྱོར་ལམ་སྲོལ་གསར་གཏོད་དང་འཐུས་སྒོ་ཚང་དུ་གཏོང་བ་དང་སྲིད་ཁྲིམས་ཁོངས་གཏོགས་དང་འབྲེལ་ཡོད་སྡེ་ཚན་གྱི་ཐོན་ཁུངས་སྟོབས་ཤུགས་སྤྱི་འདོམས་ཡག་པོ་བྱས་ཏེ་གནད་དོན་མཉམ་དུ་བཅོས་སྒྲིག་དང་། ལས་དོན་མཉམ་དུ་སྤེལ་བ། དུས་བདེ་མཉམ་དུ་གཏོད་པ་བཅས་ཀྱི་རྣམ་པ་བཟང་པོ་ཆགས་པ་བྱེད་དགོས།
          ཞི་ཅིན་ཕིང་གིས་བསྟན་དོན། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་བཏང་ནས་བསམ་བློའི་སློབ་གསོ་དང་ཀུན་སྤྱོད་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་བདེན་པའི་རྒྱབ་ལངས་ཀྱི་དཔའ་བོ་དཔེ་བཟང་དཔྱད་འདེམས་གཟེངས་བསྟོད་ལས་དོན་ལེགས་བཅོས་བྱས་ཏེ་སྤྱི་ཚོགས་ཡོངས་སུ་སྲོལ་བཟང་དང་དྲང་བདེན་གྱི་རྣམ་པ་ལྡན་པ་བྱེད་དགོས། ཁྲིམས་ལྟར་བྱ་བ་སྒྲུབ་རྒྱུ་མཐའ་འཁྱོངས་བྱས་ནས་སྒྲིག་འཁུར་ཁྲིམས་སྲུང་པ་སྤོབས་སེམས་སྐྱེ་ཐུབ་པ་དང་ཁྲིམས་འགལ་དང་ཀུན་སྤྱོད་ཞན་པའི་མི་ངོ་ཚ་ཁ་སྐྱེངས་བཟོ་དགོས། གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་དང་། ཁེ་ལས་དང་བྱ་གཞག་ཚན་པ། སྤྱི་ཚོགས་རྩ་འཛུགས་བཅས་ཀྱི་རང་བརྟེན་རང་སྐྱོང་གི་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱས་ནས་མི་ཚང་མས་འགན་འཁྲི་འཁུར་བ་དང་མི་ཚང་མས་འགན་འཁྲི་གཙང་མ་སྒྲུབ་པའི་སྤྱི་ཚོགས་བཅོས་སྐྱོང་གི་གཅིག་མཐུན་འདུས་གྲུབ་གཏོད་དགོས།
         ཞི་ཅིན་ཕིང་གིས་ནག་གཤེད་སྟོབས་ཤུགས་ནི་སྤྱི་ཚོགས་ཀྱི་དུག་སྐྲན་ཞིག་ཡིན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་གཏོང་བ་དང་ཏང་གི་སྲིད་འཛིན་རྨང་གཞིར་བསླད་སྐྱོན་གཏོང་གི་ཡོད། དུས་ཡུན་ལོ་གསུམ་གྱི་དམིགས་ཚད་དམ་འཛིན་ལྷོད་མེད་བྱས་ཏེ་དུས་མཚམས་དབྱེ་བ་དང་ཁྱབ་ཁོངས་དབྱེ་ནས་ཐབས་ཇུས་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་། གཙོ་རྒོལ་ཁ་ཕྱོགས་ལེགས་སྒྲིག ཕར་རྒོལ་བྱེད་ཐབས་རྒྱུན་འཁྱོངས་བཅས་བྱེད་དགོས། ནག་གཤེད་དང་འབྲེལ་བའི་གྱོད་གཞི་གཙོ་བོ་དང་། ནག་གཤེད་སྟོབས་ཤུགས་ཀྱི་དཔལ་འབྱོར་རྨང་གཞི། རྒྱབ་ཀྱི“འབྲེལ་བའི་དྲ་བ”དང“སྲུང་སྐྱོབ་བྱེད་མཁན”བཅས་ལ་དམ་པོར་དམིགས་ནས་རྡུང་འགོག་མཉམ་བཟུང་དང་རྩ་ལག་མཉམ་བཅོས་ལ་གཞོལ་ཏེ་ཕན་འབྲས་དངོས་དང་ཡུན་རིང་ཕན་འབྲས་ཐོབ་རྒྱུ་འགན་ལེན་བྱེད་དགོས།
         ཞི་ཅིན་ཕིང་གིས་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་དེ་བས་མཐོ་བའི་འགོ་འཛུགས་སའི་ཐོག་ནས་སྒྱུར་བཅོས་ལ་ཚད་བརྒལ་རང་བཞིན་གྱི་འཕེལ་རིམ་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་སྟེ་བཟང་སྒྲིག་དང་། མཐུན་སྦྱོར། ཕན་ཆེ་བཅས་ཀྱི་སྲིད་ཁྲིམས་ལས་ཁུངས་ཀྱི་འགན་ནུས་མ་ལག་མགྱོགས་མྱུར་བསྐྲུན་དགོས། སྲིད་ཁྲིམས་ལས་ཁུངས་ཀྱི་འགན་དབང་བཀོད་སྒྲིག་བཟང་སྒྲིག་བྱས་ཏེ་རང་འགན་གཙང་སྒྲུབ་དང་། གཞོགས་འདེགས་ནུས་ལྡན། གཅུན་འདོམས་ནུས་ལྡན་བཅས་ཀྱི་ལས་དོན་མ་ལག་བསྐྲུན་དགོས། སྲིད་ཁྲིམས་ལས་ཁུངས་ནང་གི་ལས་ཁུངས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་འགན་ནུས་བཀོད་སྒྲིག་དང་། སྒྲིག་གཞི་འཛུགས་པ། མི་སྣ་སྒྲིག་ཁོངས་བཅས་བཟང་སྒྲིག་བྱས་ཏེ་འཁོར་སྐྱོད་དེ་བས་ཤར་བགྲོད་ཕན་ཆེ་ཐུབ་པ་བྱེད་དགོས། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཁྲིམས་འཛིན་མི་སྣའི་སེམས་ནུས་འགན་འཁྲི་ཡག་པོ་འཁུར་རྒྱུ་དང་གྱོད་གཞི་ཡག་པོ་སྒྲུབ་རྒྱུའི་ཐོག་བཞག་ཐུབ་པ་བྱས་ནས་ཁྲིམས་འཛིན་གྱི་སྤུས་ཚད་དང་། ལས་ཕྱོད། སྤྱི་མོས་ཐོབ་ཚད་བཅས་མཐོ་རུ་གཏོང་དགོས། མི་དམངས་མང་ཚོགས་ཀྱི་བསམ་འཆར་མང་བའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་དབང་ཆ་འཁོར་སྐྱོད་ལ་ལྟ་སྐུལ་དང་གཅུན་འདོམས་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུར་དམ་འཛིན་བྱས་ཏེ་ཁྲིམས་འཛིན་ནན་པོ་མ་བྱུང་བ་དང་། 
        ཁྲིམས་འཛིན་དྲང་བཞག་མ་བྱུང་བ་དང་ཐ་ན་ཁྲིམས་འཛིན་ཐད་ཀྱི་ཁྲིམས་འགལ་དང་རུལ་སུངས་བཅས་ཀྱི་སྣང་ཚུལ་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས། གཏུག་བཤེར་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་བཏང་ནས་གྱོད་གཞི་དལ་བྲེལ་དབྱེ་ཕྲལ་དང་། ལྕི་ཡང་དབྱེ་ཕྲལ། མགྱོགས་དལ་དབྱེ་ཕྲལ་བཅས་ལ་སྐུལ་འདེད་གཏོང་བ་དང་གྲངས་གཞི་ཆེ་མོ་དང་མི་ཐབས་རིག་ནུས་སོགས་ཚན་རྩལ་གསར་གཏོད་གྲུབ་འབྲས་ཁྲིམས་འཛིན་ལས་དོན་དང་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྲིད་ཁྲིམས་ལས་ཁུངས་ཀྱིས་སྤྱི་པའི་ཞབས་ཞུའི་འགན་འཁྲི་ཆེན་པོ་འཁུར་ཡོད་པས་བཏང་སྙོམས་དྲང་བཞག་དང་། སྟབས་བདེ་ཕན་ཆེ། རིག་ནུས་གནད་སྨིན་བཅས་ཀྱི་སྤྱི་པའི་ཞབས་ཞུ་མཁོ་འདོན་ཧུར་ཐག་བྱེད་དགོས། “ལག་ཁྱེར་ཉུང་གཏོང་གི་དམངས་ཕན”བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་ནས་ས་ཁོངས་སྒྲོལ་བའི་གྱོད་གཞི་ཐོ་འགོད་དང་གཏུག་བཤེར་ཞབས་ཞུ་སྒྱུར་བཅོས་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་གཏུག་བཤེར་ལས་དོན་ས་ཁོངས་སྒྲོལ་ནས་གཉེར་རྒྱུ་དང་རིམ་པ་བརྒལ་ནས་མཉམ་དུ་སྒྲུབ་གཉེར་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ས་ཆ་གཞན་དུ་གཏུག་བཤེར་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ཟབ་ཏུ་བཏང་སྟེ། ཁྲིམས་རྩོད་པ་དང་། གཞུང་དཔང་། ཁྲིམས་འཛིན་གསལ་འབྱེད། ཁྲུན་གཅོད། ཁྲིམས་འཛིན་ཁང་། མི་དམངས་འདུམ་འགྲིག་སོགས་བཅའ་ཁྲིམས་ཞབས་ཞུའི་ཐོན་ཁུངས་མགྱོགས་མྱུར་བསྡུ་སྒྲིལ་བྱས་ཏེ་ལས་སྒོ་དང་ཕྱོགས་ཚང་མར་ཁྱབ་པའི་བཅའ་ཁྲིམས་ཞབས་ཞུའི་དྲ་བ་མགྱོགས་མྱུར་བསྐྲུན་དགོས། ཕྱི་རྒྱལ་དུ་བདེ་འཇགས་སྲུང་སྐྱོང་མ་ལག་མགྱོགས་མྱུར་བསྐྲུན་ནས་ཕྱི་རྒྱལ་དུ་ཡོད་པའི་རང་རྒྱལ་གྱི་སྒྲིག་གཞི་དང་མི་སྣའི་ཁྲིམས་མཐུན་དབང་ཆ་འགན་ལེན་བྱེད་དགོས། 

  
style="display:none;"