འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་18ཉིན།

༄༅།།བོད་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་9ལྷག་ཙམ་ཟིན་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་18ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་1ཚེས་16ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་2019ལོའི་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། བོད་ཀྱིས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྣམ་གྲངས་འཛུགས་སྐྲུན་གྱི་གོམ་སྟབས་ལ་མགྱོགས་མྱུར་སྐུལ་འདེད་བཏང་བས་ལྗོངས་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་འཛུགས་སྐྲུན་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། 2018ལོའི་ལོ་མཇུག་བར་བོད་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་9ལྷག་ཙམ་ཟིན་ཡོད།
     བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་དབྱངས་སྐྱིད་ཀྱིས་2018ལོར་གཞུང་ལམ་འགྲིམ་འགྲུལ་སྐྱེལ་འདྲེན་ལ་གཏན་འཇགས་མ་དངུལ་སྒོར་དུང་ཕྱུར་652བཏང་བ་དེ་དུས་མཚུངས་ལས་14.6%འཕར་ནས་ལྗོངས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་བསྡོམས་འབོར་གྱི་31.4%བཟུང་ཡོད། ཀྲུང་དབྱང་གི་མ་དངུལ་སྒོར་དུང་ཕྱུར་281.7བཏང་བ་དེ་དུས་མཚུངས་ལས་66.4%འཕར་བ་དང་། གཞུང་ལམ་སྤྱི་ལེ་8044གསར་དུ་འཕར་བ་དང་ལྗོངས་ཡོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་9.74ཟིན་ཡོད་ཅེས་བཤད་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། འདས་ཟིན་པའི་ལོ་གཅིག་ནང་བོད་ཀྱི་འགྲིམ་འགྲུལ་འགྲོ་ལམ་འཛུགས་སྐྲུན་གྱི་གཙོ་གནད་རྣམ་གྲངས་ལ་བདེ་བླག་ངང་སྐུལ་འདེད་བཏང་ནས་ཁྲོན་བོད་གཞུང་ལམ་གྱི་སྔས་ལ་དང་། བར་ལ། གླུ་གུ་ལ་བཅས་ཀྱི་ཕུག་ལམ་བདེ་བླག་ངང་ཏལ་འབིགས་ཐུབ་པ་དང་། ལྷ་ས་ནས་གཞིས་རྩེ་བར་གྱི་གནམ་ཐང་དུམ་བུའི་རིམ་མཐོའི་གཞུང་ལམ་གྱི་ཚོད་འཛིན་རང་བཞིན་ལས་གྲྭ་སོགས་ཀྱི་རྣམ་གྲངས་གཅིག་རྗེས་གཉིས་མཐུད་ངང་ལས་འགོ་འཛུགས་བཞིན་ཡོད། མིག་སྔའི་བར་བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཕེལ་རྒྱས་འཆར་འགོད་ཀྱི་འཆར་གཞིའི་ནང་གཙོ་གནད་རྣམ་གྲངས་ལས་འགོ་ཚུགས་ཚད་95.4%ཟིན་ཡོད།
     ཚོགས་འདུའི་ཐོག 2019ལོར་ཀྲུང་དབྱང་གི་མ་དངུལ་སྒོར་དུང་ཕྱུར་270བཏང་ནས་གཞུང་ལམ་འགྲིམ་འགྲུལ་གྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་སྒོར་དུང་ཕྱུར་548ལེགས་སྒྲུབ་བྱ་རྒྱུ་དང་། གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་ལམ་ཐག་སྤྱི་ལེ་2100མང་དུ་བཏང་ནས་ལྗོངས་ཡོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་9.95ཟིན་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།