འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་17ཉིན།

༄༅།།ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་གསར་འགོད་པའི་དྲི་བར་ལན་བསྐྱོན་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་17ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་16ཉིན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཁ་ན་ཏའི་སྤྱི་དམངས་ཞེ་ལུན་པའོ་ཀེ་ཡིས་དུག་རྫས་ལྐོག་ཚོང་བྱས་པའི་ཉེས་པ་བསགས་ཏེ་སྲོག་ཁྲིམས་བཅད་པའི་སྐོར་གྱི་འབྲེལ་ཡོད་དྲི་བར་ལན་འདེབས་དུས་སུ། དོན་དག་འདི་ནི་ཀྲུང་གོ་རུ་བྱུང་བས། ངེས་པར་དུ་ཀྲུང་གོའི་བཅའ་ཁྲིམས་ལྟར་ཐག་གཅོད་དགོས་པ་དང་། ཀྲུང་གོས་རྒྱལ་ཁབ་གང་རུང་གི་དུག་ཚོང་རྒྱག་མཁན་གྱིས་ཀྲུང་གོའི་མི་དམངས་ཀྱི་ཚེ་སྲོག་ལ་གནོད་བསྐྱལ་དུ་འཇུག་རྒྱུ་མིན་ཞེས་བསྟན། 
     ཉིན་དེའི་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག་ཏུ། གསར་འགོད་པ་ཞིག་གིས། ཁ་ན་ཏའི་སྤྱི་དམངས་ཞེ་ལུན་པའོ་ཀེ་ཡིས་དུག་རྫས་ལྐོག་ཚོང་བྱས་པའི་ཉེས་པ་བསགས་པས། ཏ་ལེན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་སྲོག་ཁྲིམས་བཅད་པར། ཁ་ན་ཏའི་འགོ་ཁྲིད་ཀྱིས་ཀྲུང་གོས་“རང་དགར་”སྲོག་ཁྲིམས་བཅད་ཅེས་བརྗོད་ཡོད། ཁ་ན་ཏའི་ཕྱི་འབྲེལ་དཔོན་པོ་ཧྥུ་ལི་ལན་གྱིས། སྲོག་ཁྲིམས་ནི་མི་ཆོས་དང་མི་མཐུན་ལ་འོས་འཚམ་མིན་པར་བརྗོད། གཞན་ཡང་། ཁ་ན་ཏའི་སྨྱན་སྦྱོར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཞེ་ལུན་པའོ་ཀེ་ཡིས་2003ལོ་དང་2012ལོ་སོ་སོར། དུག་རྫས་ཉར་བ་དང་དུག་རྫས་ཉོ་ཚོང་བྱས་པས་ཁ་ན་ཏའི་ཁྲིམས་ཁང་གིས་ཁྲིམས་ཆད་བཅད་མྱོང་ཡོད། ཁ་ན་ཏའི་དྲ་དམངས་མང་པོ་ཞིག་གིས་ཀྱང་། འཁྱགས་དུག་སྟོང་ཁེ་200ལྐོག་འདྲེན་བྱས་པ་ནི་བྱས་ཉེས་ཧ་ཅང་ཚབས་ཆེན་ཡིན་ཞིང་། ཁ་ན་ཏའི་སྲིད་གཞུང་གིས་འདི་འདྲའི་དུག་ཚོང་རྒྱག་མཁན་ངན་པ་ཞིག་གི་ཆེད་དུ་ཕྱི་འབྲེལ་གྱི་དོན་དག་དཀྲུགས་མི་རུང་བར་འདོད་བཞིན་འདུག  ཀྲུང་གོས་དེའི་ཐད་ལ་དཔྱད་བརྗོད་གང་ཞིག་སྤེལ་རྒྱུ་ཡིན་ནམ་ཞེས་དྲིས་པར། 
     ཧྭ་ཁྲུན་ཡིང་གིས། ཁ་ན་ཏའི་འགོ་ཁྲིད་ཀྱིས་རྒྱལ་ཁབ་རང་གི་མི་དམངས་ལ་འགྲེལ་བཤད་ཁ་གསལ་བོ་བྱེད་ཐུབ་བམ། དུག་རྫས་སྟོང་ཁེ་222 ཀྱིས་མི་ག་ཚོད་ཀྱི་ཚེ་སྲོག་འཕྲོག་སྲིད་པ་དང་། ཁྱིམ་ཚང་ག་ཚོད་ཙམ་གྱི་བདེ་སྐྱིད་འཕྲོག་སྲིད་དམ། གལ་ཏེ་ཞེ་ལུན་པའོ་ཀེ་ཡིས་དུག་རྫས་སྟོང་ཁེ་222ལྐོག་འདྲེན་བྱས་ཏེ་སྲོག་ཁྲིམས་བཅད་པ་ནི་མི་ཆོས་དང་མི་མཐུན་ཞིང་འོས་འཚམ་མིན་ན། མི་དེ་ལས་མང་པོ་ཞིག་གི་ཚེ་སྲོག་འཕྲོག་བཅུག་ན་མི་ཆོས་དང་མཐུན་པ་ཡིན་ནམ་ཞེས་བརྗོད་ཡོད། 
     ཁོ་མོས། 1840 ལོའི་ཉལ་ཐའི་དམག་འཁྲུག་རྗེས་སུ། དུག་རྫས་ཀྱིས་གནོད་པ་གང་འདྲ་ཐེབས་པའི་ཐད་ཀྲུང་གོ་བ་རྣམས་ཀྱི་ཡིད་ལ་གསལ་པོར་ཡོད་པས། རྒྱལ་ཁབ་གང་རུང་གི་དུག་ཚོང་རྒྱག་མཁན་གྱིས་ཀྲུང་གོ་མི་དམངས་ཀྱི་ཚེ་སྲོག་ལ་གནོད་འཚེ་བསྐྱལ་འཇུག་མི་སྲིད། གལ་སྲིད་ཞེ་ལུན་པའོ་ཀེ་ཡིས་ཁ་ན་ཏ་རུ་དུག་རྫས་ལྐོག་འདྲེན་བྱས་པ་ཡིན་ན། ཁ་ན་ཏས་ཇི་ལྟར་ཐག་བཅད་ཀྱང་ང་ཚོ་ལ་བསམ་འཆར་ཅི་གང་ཡང་མེད། ཡིན་ནའང་། དོན་དག་འདི་ནི་ཀྲུང་གོ་རུ་བྱུང་བས། ངེས་པར་དུ་ཀྲུང་གོའི་བཅའ་ཁྲིམས་ལྟར་ཐག་གཅོད་དགོས་པར་བསྟན།