འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་17ཉིན།

༄༅།།“ལི་གྲོའི་རྒད་པོ”ཏའེ་ཚུན་ཀྲུང་གི་དབུལ་སྒྲོལ་སྐོར་བཀོད་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་17ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     དགུན་གཞུང་གི་དུས་སུ་ས་མཐོར་ཁ་བས་ཡོངས་སུ་བཀླུབས། ཏའེ་ཚུན་ཀྲུང་དང་བཟའ་ཟླ་ཐབ་བསྐོར་ནས་ཇ་སྐོལ་གྱིན་བརྙན་འཕྲིན་ལྟ་བཞིན་ཡོད། “འཚོ་བ་ཡག་པོ་འདི་འདྲ་སྐྱེལ་རྒྱུ་བྱུང་བ་བསམ་ཡུལ་ལས་འདས་སོང”ཞེས་ཏའེ་ཚུན་ཀྲུང་གིས་བརྗོད།
     ཏའེ་ཚུན་ཀྲུང་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གཏེར་ལེན་ཁ་གྲོང་ཁྱེར་ཁུ་ལུ་ཁེ་གྲོང་རྡལ་ཁམས་བཟང་གྲོང་ཚོའི་དུད་ཚང་དབུལ་པོ་ཞིག་ཡིན་པ་དང་། ལོ་53ལ་སླེབས་པའི་ཁོང་གི་ངོ་གདོང་གཉེར་མས་ཁེངས།
    “དེ་སྔོན་འཚོ་བ་སྐྱོ་པོ་སྐྱེལ་དགོས་དོན”ནི་ཁོང་གི་ཕ་ཡུལ་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུས་ནས་ཡིན་པ་དང་། ནའོ་ཧྲན་ས་ཁུལ་དུ་ཞིང་ཁ་བཏབ་ཀྱང་ཡོང་འབབ་ཕྲན་བུ་ལས་ཡོང་གི་མེད། འུ་ཐུག་ཐབས་ཟད་འོག་2007ལོར་ཁོང་ཚོ་ནང་མི་4མཚོ་ནུབ་ཀྲོའུ་གཏེར་ལེན་ཁ་གྲོང་ཁྱེར་ཁུ་ལུ་ཁེ་གྲོང་རྡལ་ཁམས་བཟང་གྲོང་ཚོར་གནས་སྤོས་བྱས་པ་ཡིན་ཞེས་ཏའེ་ཚུན་ཀྲུང་གིས་བཤད།
     “འདིར་སླེབས་མ་ཐག་ང་དང་བཟའ་ཟླས་ཁྱིམ་དང་བར་ཐག་སྤྱི་ལེ་7ཡོད་པའི་སོ་ཕག་བཟོ་གྲྭར་ལས་ཀ་བྱས་ནས་འཚོ་བ་འཕྱིད་ཙམ་ཡོད། འོན་ཀྱང་2014ལོར་བཟའ་ཟླར་ནད་གཞི་ཆེན་པོ་ཕོག་པའི་ཁར་བུ་མོ་གཉིས་སློབ་གྲྭར་འགྲོ་གི་ཡོད་སྟབས་འཚོ་བ་འཁྱོལ་ཁག་པོ་བྱུང”ཞེས་ཏའེ་ཚུན་ཀྲུང་གིས་བརྗོད།
    2015ལོའི་ཟླ་12པའི་ཟླ་མཇུག་ཏུ། ཏའེ་ཚུན་ཀྲུང་གི་ཁྱིམ་ཚང་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གྱུར་པ་དང་། ཕྱིས་སུ་ཁོང་གྲོང་ཚོའི་ནགས་སྲུང་བ་བྱས་པ་ནས་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བ་རེད།
     ཟླ་རེའི་ཚེས་28དང་29ཉིན་གྱི་དགོང་མོའི་ཚུ་ཚོད་7དང་ཕྱེད་ཀ་ཙམ་ལ་གླ་ཆ་རྒྱག་གི་རེད”ཅེས་ཏའེ་ཚུན་ཀྲུང་གིས་རྗོད་བཞིན་ལག་ཐོགས་ཁ་པར་བཏོན་ནས་དངུལ་ཁང་གི་འཕྲིན་ཐུང་དེར་ལྟ་ཙམ་བྱས། 2016ལོ་ནས་བཟུང་། ཁོང་ལ་ཟླ་རེར་མ་མཐའི་འཚོ་བའི་འགན་ལེན་གྱི་ཁ་གསབ་དངུལ་དང་ནག་སྲུང་བའི་གླ་ཆ་བསྡོམས་ན་ཁྱོན་སྒོར་2000ལྷག་ཙམ་ཡོད་པ་དང་ཡོང་འབབ་བརྟན་པོ་དེ་ལས་ཁོང་ལ་སེམས་ཤུགས་ཆེན་པོ་སྐྱེས།
     2017ལོར། ཏའེ་ཚུན་ཀྲུང་གིས་དངུལ་རྩའི་གནད་སྨིན་དབུལ་སྐྱོར་གྱི་གྲངས་འབོར་ཆུང་བའི་སྐྱེད་གསབ་དངུལ་བུན་སྤྱད་ནས་མུའུ་10ཡི་ལི་གྲོའི་ཞིང་ཁ་འགན་གཙང་བླངས་པ་རེད། “ལོ་དང་པོ་ཁོ་ནར་ཁེ་བཟང་སྒོར་ཁྲི་1ལྷག་ཙམ་རག་བྱུང”ཞེས་ཏའེ་ཚུན་ཀྲུང་གིས་དགའ་ཚོར་ཆེན་པོས་བརྗོད། ཁོང་གིས་ད་དུང“ད་ཆ་སྲིད་གཞུང་གིས་ཀྱང་དངུལ་བུན་གཡར་བ་དང་སྒོར་ཁྲི་5གཡར་ཚེ་ལོ་གསུམ་སྐྱེད་ཀ་སྤྲོད་དགོས་ཀྱི་མི་འདུག་ལ་གྲོང་ཚོས་ང་ལ་ལི་གྲོ་འདེབས་མཁན་ཁེ་ལས་དང་འབྲེལ་གཏུག་བྱེད་རོགས་བྱས་པས་ལག་རྩལ་མཁོ་འདོན་བྱས་པ་མ་ཟད། ཉོ་སྒྲུབ་ཀྱི་འགན་ཡང་ཁུར་སྟབས། ངས་ལས་ཀ་ཡག་པོ་བྱེད་པ་ལས་གཞན་གྱི་སེམས་ཁྲལ་གང་ཡང་མེད”ཅེས་བཤད།
     འགྱུར་ལྡོག་འདི་ལྟ་བུ་བྱུང་བ་ཏའེ་ཚུན་ཀྲུང་ཁོ་ན་ཙམ་མིན་པར་ཁོང་གནས་ཡུལ་གྱི་ཁམས་བཟང་གྲོང་ཚོར་ལོ་འདི་དག་རིང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཕྱིན་ཡོད། གྲོང་ཚོའི་ཟམ་པ་རྒྱ་ཆེ་རུ་བཏང་བས་སོན་འདེབས་འཕྲུལ་འཁོར་གཞི་ནས་གྲོང་ཚོར་གཏོང་ཐུབ་པ་དང་། གྲོང་ཚོར་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་བས། གྲོང་ཚོ་མཉམ་སྡེབ་ཀྱི་ཡོང་འབབ་ཀྱིས་གྲོང་ཚོའི་ལོ་55ཡན་གྱི་རྒན་རྒོན་ཚོར་སྨན་བཅོས་འགན་བཅོལ་ཚབ་འཇལ་བྱས་ཡོད། གྲོང་ཚོའི་ཀྲུའུ་རེན་ལི་པའོ་ཀྲུང་གིས་གྲོང་མིར་སེམས་ཤུགས་ཡོད་ན་གཞི་ནས་འཕེལ་རྒྱས་གཏོང་བའི་གདིང་ཤུགས་ཡོད་ཅེས་བརྗོད།
     2018ལོར་ཏའེ་ཚུན་ཀྲུང་གིས་སླར་ཡང་མུའུ་100ཡོད་པའི་ལི་གྲོའི་ཞིང་ཁ་འགན་གཙང་བླངས་པ་རེད། “འདི་ལོ་ཆར་ཆུ་མང་བས་ལི་གྲོའི་ཐོན་འབབ་དེ་ཙམ་ཡག་པོ་མ་བྱུང་མོད། འོན་ཀྱང་སྒོར་ཁྲི་བཞི་ལྔ་རག་བྱུང”ཞེས་བརྗོད། ཐབ་ཀྱི་འགྲམ་དུ་བསྡད་ནས་མ་འོངས་པར་བསམ་བློ་གཏོང་གིན་ཏའེ་ཚུན་ཀྲུང་གི་ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར། ཁོང་གིས་ཁ་ཕྱིར་བསྐོར་ནས་བཟའ་ཟླར“ད་ལོ་ང་ཚོས་གྲོ་དང་ནས་ཏོག་ཙམ་བཏབ་ཚེ་ཡོང་འབབ་ཡོད་པ་མ་ཟད། བཟའ་འབྲུ་ཡང་འབེལ་པོ་ཡོད”ཅེས་བརྗོད་པ་དང་བཟའ་ཟླས་འཛུམ་དམུལ་དམུལ་ངང་མགོ་བོ་ལྕོག་ལྕོག་བྱས།