འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་17ཉིན།

༄༅༎ཀྲུང་གོས་ཨ་ཧྥེ་རི་ཁར་རོགས་སྐྱོར་བྱས་པའི“གྲོང་ཚོ་ཁྲིར་ཤར་གཏོང”གི་རྣམ་གྲངས་ཀྱིས་
ནི་ཀྲེ་རི་ཡའི་གྲོང་གསེབ་འཛམ་གླིང་དང་འབྲེལ་མཐུད་བྱུང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་17ཉིན། 11:49】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཚེས་14ཉིན། ནི་ཀྲེ་རི་ཡའི་རྒྱལ་ས་ཨ་པུ་ཅ་དང་ཅུང་བར་ཐག་རིང་བའི་གྲོང་ཚོ་ཕ་ཏུའུ་མཱར་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། གྲོང་མི་ཚོས་གྲོང་ཚོའི་དཀྱིལ་གྱི་ཐང་ཆེན་དུ་འཛོམས་ཏེ་གྲོང་ཚོའི་ནང་གྲངས་འཛིན་བརྙན་འཕྲིན་ཤར་གཏོང་བྱེད་པའི་དོན་ཆེན་གཟབ་རྒྱས་ལ་བདེན་དཔང་བྱེད་བཞིན་ཡོད།
     ཀྲུང་གོས་ཨ་ཧྥེ་རི་ཁར་རོགས་སྐྱོར་བྱས་པའི“གྲོང་ཚོ་ཁྲིར་ཤར་གཏོང”གི་ནི་ཀྲེ་རི་ཡའི་རྣམ་གྲངས་འགོ་ཚུགས་པའི་མཛད་སྒོ་དེ་ཉིན་འཚོགས་ཤིང་། ཕ་ཏུའུ་མཱ་གྲོང་ཚོ་ནི་དེ་སྔ་རོགས་སྐྱོར་ཐོབ་ཡུལ་ལ་བདམས་པའི་ནི་ཀྲེ་རི་ཡའི་གྲོང་ཚོ་1000གི་གྲས་ཤིག་རེད། གྲོང་མི་ཚོས་དུས་དེ་ནས་བཟུང་དུས་ཡུན་རིང་པོའི་བརྙན་འཕྲིན་གསལ་པོ་མེད་པ་དང་འཕྲིན་ལམ་ཉུང་བའི་འདྲ་བཟོའི་བརྙན་འཕྲིན་གྱི་བརྡ་རྟགས་འཚོལ་མི་དགོས་པར“གྲོང་ཁྱེར་བ་ལྟར་གྱི”བརྡ་རྟགས་བརྟན་ལ་ནང་དོན་ཕུན་སུམ་ཚོགས་པའི་གྲངས་འཛིན་བརྙན་འཕྲིན་ལེ་ཚན་ལྟ་ཐུབ་རྒྱུ་རེད།
     “གྲོང་ཚོ་ཁྲིར་ཤར་གཏོང”གི་རྣམ་གྲངས་ནི་2015ལོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་གཡོད་ཧན་ནེ་སེ་པའོ་་ཡི་དབུ་ཚོགས་ཐོག་བཏོན་པའི་ཀྲུང་ཧྥེའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཁྱབ་ཁོངས་ནང་གི་མཉམ་ལས་བྱ་ཐབས་ཀྱི་གྲས་ཤིག་ཡིན་ཞིང་། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་གྲོང་ཚོ་ཁྲི་1ལ་སྲུང་སྐར་གྱི་གྲངས་འཛིན་བརྡ་རྟགས་འཁྲིད་རྒྱུ་མ་ཟད། ཨ་ཧྥེ་རི་ཁའི་ཁྱིམ་ཚང་ཁྲི་20ལ་འཕྲིན་ལམ་སྒྱུར་སྒམ་ཞལ་འདེབས་རྒྱག་རྒྱུ་རེད། ཀྲུང་གོའི་སི་ཏ་དུས་རབས་ཚོགས་པས་རྣམ་གྲངས་ལག་ལེན་བསྟར་རྒྱུ་མ་ཟད། རྗེས་མཐུད་ཀྱི་ཚོང་ལས་ཅན་གྱི་གཉེར་སྐྱོང་དང་སྲུང་སྐྱོང་གི་འགན་འཁུར་རྒྱུ་ཡིན་པ་རེད།
     “གྲོང་ཚོ་ཁྲིར་ཤར་གཏོང”གི་ནི་ཀྲེ་རི་ཡའི་རྣམ་གྲངས་ཀྱིས་རོགས་སྐྱོར་ཐོབ་ཡུལ་གྲོང་ཚོ་ཚང་མ་ནས་སློབ་གྲྭ་དང་། སྨན་ཁང་། ཆོས་ཁང་ལ་སོགས་པའི་སྤྱི་པའི་ས་ཁོངས་གསུམ་བདམས་ཏེ་གྲིབ་སྟོན་བརྙན་འཕྲིན་དང་བརྙན་འཕྲིན་བསྒར་རྒྱུ་ཡིན་ཞིང་། གྲོང་མི་ཚོས་སྒྲིག་ཆས་དེ་དག་བརྒྱུད་རིན་པ་མི་དགོས་པར་སྲུང་སྐར་བརྙན་འཕྲིན་ལེ་ཚན་21ལྟ་ཐུབ་ཀྱི་ཡོད། ད་དུང་རྣམ་གྲངས་ཀྱིས་གྲོང་ཚོ་རེའི་ཁྱིམ་ཚང་20ལ་འཕྲིན་ལམ་སྒྱུར་སྒམ་དང་ཟླ་གཉིས་རིང་གི་རིན་པ་སྤྲོད་རྒྱུ་ཡིན་པ་དང་། ཟླ་གཉིས་སོང་རྗེས་སྤྱོད་མཁན་གྱིས་རིན་པ་མ་འཇལ་ནའང་མུ་མཐུད་སྲུང་སྐར་བརྙན་འཕྲིན་ལེ་ཚན་ཆ་ཚང་གཅིག་ལྟ་ཐུབ་པའམ་ཡང་ན་ཟླ་རེར་ནའེ་ལ་900(མི་དམངས་ཤོག་སྒོར་18ཙམ)འཇལ་ན་ལེ་ཚན་34ལྟ་ཐུབ་པའི་གདམ་ག་བྱེད་ཆོག་གི་ཡོད།
     གྲོང་མི་ཡིའུ་སུའུ་ཧྥུ·ཏི་ཨའོ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་ངོ་གདོང་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར་ཞིང་། ཁོང་གི་ཁྱིམ་ནི་གྲོང་ཚོའི་ནང་གི་འཕྲིན་ལམ་སྒྱུར་སྒམ་རིན་མེད་ངང་རག་པའི་ཁྱིམ་ཚང་གི་གྲས་ཤིག་རེད། ཉིན་འགའ་ཤས་གོང་སི་ཏ་དུས་རབས་ཚོགས་པའི་ལག་རྩལ་མི་སྣས་ཁོང་གི་ཁྱིམ་ལ་བརྙན་འཕྲིན་འཕྲིན་ལམ་ཤར་གཏོང་ཡོང་བ་བྱེད་རོགས་བྱས་ཡོད།
     ཏི་ཨའོ་ཡིས་གསར་འགོད་པར་ད་ནས་བཟུང་ང་དང་ནང་མི་གྲོང་ཁྱེར་བ་ལྟར་འཕྲིན་ལམ་བཅུ་ཕྲག་ཁ་ཤས་ཀྱི་གྲངས་འཛིན་བརྙན་འཕྲིན་ལེ་ཚན་ལྟ་ཐུབ་ཅེས་བཤད།
     ནི་ཀྲེ་རི་ཡའི་གསར་འགྱུར་དང་རིག་གནས་པུའུ་ཡི་པུའུ་ཀྲང་ལཱ་དབྱི·མོ་ཧན་མོ་ཏེས་རྣམ་གྲངས་སྤེལ་འགོ་ཚུགས་པའི་མཛད་སྒོའི་ཐོག་ཆ་འཕྲིན་ནི་སྟོབས་ཤུགས་རེད། “གྲོང་ཚོ་ཁྲིར་ཤར་གཏོང”གི་རྣམ་གྲངས་ལས་གྲོང་མི་ཚོར་ས་གནས་དེ་རང་དང་ཕྱི་རྒྱལ་གྱི་བརྙན་འཕྲིན་ལེ་ཚན་ཕུན་སུམ་ཚོགས་པོ་ལྟ་ཐུབ་སྟེ་མཐོང་རྒྱ་སྔར་བས་ཆེ་རུ་དང་འཛམ་གླིང་ཤེས་རྟོགས་དེ་བས་ཡག་པ་བྱེད་ཐུབ་ཅེས་བཤད།
     ནི་ཀྲེ་རི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲོའུ་ཕིང་ཅན་གྱིས་བརྙན་འཕྲིན་ནི་མི་ཚོས་ཕྱི་རོལ་ཡུལ་ཤེས་རྟོགས་བྱེད་པའི་སྒེའུ་ཁུང་ལྟ་བུ་ཡིན། ནི་ཀྲེ་རི་ཡའི་མི་དམངས་དང་ཕྱི་རོལ་དབར་འབྲེལ་བ་བྱེད་ཤུགས་ཆེ་རུ་གཏོང་བའི་རྣམ་གྲངས་འདིའི་ནང་ཀྲུང་གོ་སྲིད་གཞུང་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཀྲུང་གོས་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱ་རྒྱུར་གཞོལ་ནས་ནི་ཀྲེ་རི་ཡ་ཕྱོགས་དང་མཉམ་ལས་དམ་ཟབ་ཀྱིས་གླེང་སྟེགས་ཀྱི་གྲུབ་འབྲས་ལས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་ཐོབ་པ་དང་རྒྱལ་ཁབ་གཉིས་པོའི་དབར་གྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་དང་དམངས་སེམས་འབྲེལ་མཐུད་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།