འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་17ཉིན།

༄༅༎མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིས་ཀྲུང་གོས་ཕུལ་བའི་ལེགས་སྐྱེས་ལ་བསྔགས་བརྗོད་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་17ཉིན། 11:47】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་1ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། སྐབས་73པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཨེ་སི་ཕི་ནུའོ་ས་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གལ་འགངས་ཤིན་ཏུ་ཆེ་བའི་མཉམ་ལས་རོགས་ཟླ་ཞིག་ཡིན་པས་ཀྲུང་གོས་ཕུལ་བའི་ལེགས་སྐྱེས་ལ་བསྔགས་བརྗོད་བྱས་པ་རེད།
     ཨེ་སི་ཕི་ནུའོ་ས་ཡིས“ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གལ་འགངས་ཤིན་ཏུ་ཆེ་བའི་མཉམ་ལས་རོགས་ཟླ་ཞིག་ཡིན་པ་དང་ཀྲུང་གོས་ཕྱོགས་མང་རིང་ལུགས་ལ་བློ་བརྟན་འགྱུར་མེད་ཀྱི་ཁས་ལེན་བྱས་ཡོད”ཅེས་བརྗོད་པ་དང་ཁོང་གིས་ཀྲུང་གོ་ནི་དཔེ་མི་སྲིད་པའི་རྒྱལ་ཁབ་ཅིག་རེད་ཅེས་བརྗོད།
     ཨེ་སི་ཕི་ནུའོ་སས་ད་དུང་ཀྲུང་གོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཐད་ལེགས་སྐྱེས་ཕུལ་བར་ཡང་བསྔགས་བརྗོད་བྱས་པ་དང“ཀྲུང་གོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཐད་འབད་བརྩོན་ཆེན་པོ་བྱས་པ་དང་འབྲེལ་བློ་བརྟན་འགྱུར་མེད་ཀྱི་ཁས་ལེན་བྱས་ཡོད”ཅེས་གསུངས་པ་དང་ཀྲུང་གོས་དེའི་ནུས་རྒྱུའི་གྲུབ་ཆར་འགྱུར་ལྡོག་གཏོང་བ་དང་བསྐྱར་སྐྱེས་ནུས་རྒྱུར་མ་འཇོག་བྱེད་པ་སོགས་ཐད་ཀྱི་བྱེད་ཐབས་ཚང་མ“བསྔགས་བརྗོད་ཆེན་པོ་བྱེད་འོས་པ་ཞིག་རེད”ཅེས་བརྗོད།
     ཀྲུང་གོས་མི་འབོར་དུང་ཕྱུར་7ལྷག་ཙམ་དབུལ་ཕོངས་ལས་སྒྲོལ་བའི་ཕུལ་བྱུང་ལེགས་སྐྱེས་ཕུལ་བར་ཨེ་སི་ཕི་ནུའོ་ས་སེམས་འགུལ་ཐེབས་པ་དང་ཁོང་གིས“དེ་ནི་གྲུབ་འབྲས་ཧ་ཅང་ཆེན་པོ་ཞིག་རེད། ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་གྲོས་རིམ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་པའི་གཙོ་ཁྲིད་སྟོབས་ཤུགས་ཤིག་རེད”ཅེས་བརྗོད་པ་རེད།
     ཨེ་སི་ཕི་ནུའོ་སས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁོངས་མི་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཀྲུང་གོས་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བ་དང་སའི་གོ་ལ་དྲོ་རུ་འགྲོ་རྒྱུ་བཀག་འགོག་བྱེད་པ་སོགས་ཐད་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད་པས། ཀྲུང་གོས་རྒྱལ་སྤྱིའི་ལས་དོན་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་རྒྱུའི་རེ་བ་ཡོད་ཅེས་བརྗོད།
     ཀྲུང་ཨའི་འབྲེལ་བའི་ཐད་ཨེ་སི་ཕི་ནུའོ་སས་ཀྲུང་ཨ་རྒྱལ་ཁབ་གཉིས་པོས་ཞི་མཐུན་འབྲེལ་བར་སྲུང་སྐྱོང་བྱས་ཏེ་འཛམ་གླིང་གི་མི་དམངས་ལ་བདེ་རྩ་བསྐྲུན་རྒྱུའི་ཐུགས་རེ་གནང་བ་དང“འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་གཉིས་དབར་ཞི་མཐུན་དང་། མཛའ་གྲོགས། མཉམ་ལས་བཅས་རྒྱུན་འཁྱོངས་ཐུབ་ན་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ལ་ཕན་བདེ་སྐྲུན་ཐུབ”ཅེས་བརྗོད་པ་དང་ཁོང་གིས“མཉམ་ལས་བྱ་རྒྱུ་དེ་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཟབ་ཏུ་གཏོང་བའི་བྱེད་ཐབས་ཡག་ཤོས་རེད”རྒྱལ་ཁབ་གཉིས་པོས“ཕྱོགས་ཡོངས་ནས”འབྲེལ་བ་འཕེལ་རྒྱས་གཏོང་དགོས་པ་དང་མིག་སྔར་ཕྱོགས་གཉིས་པོས་དཔལ་འབྱོར་དང་རིག་གནས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་ངོས་འཛིན་གནང་བ་རེད།