འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་16ཉིན།

༄༅༎རིག་གནས་དང་ཡུལ་སྐོར་པུས་འཚམས་འདྲིའི་འཁྲབ་སྟོན་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་16ཉིན། 13:52】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཟླ་1ཚེས་9ཉིན་ནས་ཚེས་12ཉིན་བར། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་སུ་ཆར་པ་སིམ་སིམ་བབས་ཀྱང་། རིག་གནས་དང་ཡུལ་སྐོར་པུའི་ཐད་གཏོགས་རྒྱལ་ཁབ་སྒྱུ་རྩལ་ཚོགས་པའི་ཕུལ་བྱུང་སྒྱུ་རྩལ་པས་ཉིན་མཚན་བསྟུད་མར་འགྲུལ་བཞུད་བྱས་ཏེ། ཧོ་ཁྲེ་གྲོང་ཁྱེར་པཱ་མཱ་ཡའོ་རིགས་རང་སྐྱོང་རྫོང་དང་པེ་སེ་གྲོང་ཁྱེར་ཐན་དབྱང་རྫོང་གི་གཞི་རིམ་མང་ཚོགས་ལ་དྲོ་སྐྱིད་སྦྱིན་པའི—རིག་རྩལ་དམངས་ཕན་འཁྲབ་སྟོན་དང་། དཔྱིད་གསར་གྱི་ཆ་ཡིག་འབྲི་བ། འཚོ་བ་དང་སློབ་སྦྱོང་གི་མཁོ་ཆས་སྤྲོད་པ་བཅས་བྱས་པར་བརྟེན། རྒྱ་ཆེའི་མང་ཚོགས་ཚོས་ཏང་དང་རྒྱལ་ཁབ་ཀྱི་བྱམས་བརྩེའི་ཐུགས་ཁུར་ཚོར་ཐུབ་པ་བྱུང་ཡོད།
     དཔྱིད་གསར་དུས་ཆེན་འཆར་ཉེའི་སྐབས་སུ《2019ལོར་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་བཅས“གཤམ་སྤེལ་གསུམ”གྱི་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་སོགས་ཀྱི་བརྡ་ཐོ》གཞིར་བཟུང་། རྒྱལ་ཡོངས་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་བཅས“གཤམ་སྤེལ་གསུམ”གྱི་གཅིག་སྡུད་དཔེ་སྟོན་བྱེད་སྒོ(ཀོང་ཤིས་ས་ཚིགས)དུ་ཚ་ཚ་འུར་འུར་ངང་སྤེལ་བ་དང་། “རིག་གནས་ཀྱིས་དཔྱིད་དཔལ་བསུ·སྒྱུ་རྩལ་གྱིས་དམངས་ལ་ཞབས་འདེགས་ཞུ”ཞེས་པའི་རིག་གནས་དང་ཡུལ་སྐོར་པུའི་སྒྱུ་རྩལ་མཁས་པའི་གཞི་རིམ་གྱི་འཚམས་འདྲིའི་བྱེད་སྒོ་ཡང་དུས་གཅིག་ཏུ་སྤེལ་བས་འཁྲུག་ཆ་དོད་པའི་ལོ་གསར་གྱི་དགའ་སྤྲོའི་རྣམ་པས་ཁེངས་ནས་ཡོད།
     འཁྲབ་སྟོན་བྱེད་སྐབས་ཆར་པ་སིམ་སིམ་བབས་པ་དང་། གྲང་རླུང་ལྡང་ཡང་ལྟད་མོ་བ་ཇེ་མང་དུ་ཕྱིན་ཏེ་སྤྲོ་སྣང་དེ་བས་ལྡན། “གནམ་གཤིས་གྲང་ཡང་སེམས་པ་དྲོ་སོབ་སོབ་འདུག དུས་རྒྱུན་ང་ཚོས་རྒྱལ་ཁབ་རིམ་པའི་སྒྱུ་རྩལ་མཁས་པའི་འཁྲབ་སྟོན་མཐོང་བའི་གོ་སྐབས་ཧ་ཅང་དཀོན་པོ་རེད། དེ་རིང་ས་གནས་ས་ཐོག་ཏུ་སྒྱུ་རྩལ་མཁས་པའི་འཁྲབ་སྟོན་ལྟ་ཐུབ་པ་མ་ཟད། ཁོང་ཚོ་དང་སྤེལ་རེས་དང་མཉམ་འགུལ་ཐུབ་པས་བརྙན་འཕྲིན་ནས་མཐོང་བ་དང་ཚོར་སྣང་རྩ་བ་ནས་འདྲ་གི་མིན་འདུག”ཅེས་རྒན་ཡོལ་ཞུས་པའི་སློབ་ཆུང་དགེ་རྒན་དབྱང་ཀྲུང་གིས་བཤད།
     ཤེས་རྟོགས་བྱུང་བར་གཞིགས་ན། རིག་གནས་དང་ཡུལ་སྐོར་པུས་རྒྱལ་ཁབ་ཀྱི་རིག་རྩལ་སྒྱུ་རྩལ་ཁང་དང་ཚོགས་པ་10ལྷག་ཙམ་སྒྲིག་འཛུགས་སྐུལ་སློང་བྱས་པ་དང་། ཀྲུང་གོ་སྒྱུ་རྩལ་ཞིབ་འཇུག་ཁང་དང་། ཀྲུང་གོ་མཛེས་རྩལ་ཁང་། ཀྲུང་གོ་རྒྱལ་ཁབ་རི་མོ་ཁང་བཅས་མཛེས་རྩལ་ཚན་པ་3དང་དེ་བཞིན་རིག་གནས་དང་ཡུལ་སྐོར་པུའི་སྒྱུ་རྩལ་པ་རྒན་གྲས་ཀྱི་འབུད་དཀྲོལ་རོལ་ཆ་ཚོགས་པ་བཅས་ཀྱིས་གཞི་རིམ་རིག་རྩལ་ཡན་ལག་རུ་ཁག་48བཙུགས་ནས། ཧྲའན་ཤིས་ཡན་ཨན་དང་། ཀུའེ་ཀྲོའུ་ཤར་ལྷོ། ཧྲན་ཏུང་ལིན་དབྱི། སི་ཁྲོན་རྔ་པ་ཀྲོའུ། ཧུའུ་ནན་གཡོད་དབྱང་། ཧའེ་ནན་ཆུང་ཧྲན་སོགས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)18གྱི་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་དང་རྫོང་མན་གྱི་ས་ཁུལ་དུ་བསྐྱོད་ནས་འཚམས་འདྲིའི་འཁྲབ་སྟོན་དང་། ཆ་སྒྲིག་རོགས་སྐྱོར་དང་། སྒྱུ་རྩལ་སྤེལ་རེས། དཔྱིད་གསར་ཆ་ཡིག་སྤྲད་པ་སོགས་གཞི་རིམ་གྱི་ཞབས་ཞུའི་བྱེད་སྒོ་ཐེངས་232སྤེལ་ཡོད། སྒྱུ་རྩལ་མཁས་པ་ཚོས“ནམ་ཡང་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ཡིན”ཞེས་བཤད།