འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་16ཉིན།

༄༅༎ཀྲུང་གོའི་ཁེ་ལས་ཀྱིས་འཛམ་གླིང་དབུས་ཤར་ས་ཁུལ་གྱི་སྒུལ་བདེའི་དྲ་སྦྲེལ་འཕེལ་རྒྱས་གཏོང་རོགས་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་16ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཉེ་ཆར། ཀྲུང་གོ་སྒུལ་བདེ་རྒྱལ་སྤྱི་ཚད་ཡོད་ཀུང་སིས(ཀྲུང་གོ་སྒུལ་བདེའི་རྒྱལ་སྤྱི)ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་གློག་འཕྲིན་དང་གྲོས་མཐུན་ལ་མིང་རྟགས་བཀོད་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་གློག་འཕྲིན་གྱི“རིག་ནུས་ལྟེ་བའི”གྲངས་གཞིའི་ལྟེ་གནས་སུ་དྲ་སྦྲེལ་ཞབས་ཞུའི་འཇུག་མཐུད་བྱ་ཡུལ་འཛུགས་རྒྱུ་ཡིན་པ་རེད། དབྱེ་ཞིབ་ལ་གཞིགས་ན། བྱ་ཐབས་དེས་ཀྲུང་གོ་སྒུལ་བདེའི་རྒྱལ་སྤྱི་ཀུང་སིས་སླད་ཕྱིན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་གློག་འཕྲིན་དང་མཉམ་ལས་གཏིང་ཟབ་བྱས་ནས་དེའི་ཞབས་ཞུའི་ཁྱབ་ཁོངས་འཛམ་གླིང་དབུས་ཤར་ས་ཁུལ་ཧྲིལ་པོ་དང་ཨ་ཧྥེ་རི་ཁར་རྒྱ་སྐྱེད་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ་ས་ཁུལ་དེ་གའི་ཉིན་བཞིན་ཆེ་རུ་འགྲོ་བའི་སྒུལ་བདེའི་དྲ་སྦྲེལ་གྱི་དགོས་མཁོ་བསྐོང་རྒྱུའི་ངོས་འཛིན་བྱས་ཡོད།
     ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་གློག་འཕྲིན་མིག་སྔར་ཨེ་ཤེ་ཡ་དང་། འཛམ་གླིང་དབུས་ཤར་ས་ཁུལ། ཨ་ཧྥེ་རི་ཁ་སོགས་རྒྱལ་ཁབ་བམ་ས་ཁུལ་17དུ་གཉེར་སྐྱོང་བྱེད་པ་དང་། སྤྱོད་མཁན་བསྡོམས་འབོར་དུང་ཕྱུར་2ཙམ་ཡོད། ཀུང་སི་དེའི་དབུ་བཞུགས་གཉེར་སྐྱོང་དཔོན་ཨ་ལི·ཨའེ་སྨི་རུའེ་ཡིས་ཀྲུང་གོ་སྒུལ་བདེ་རྒྱལ་སྤྱི་ཀུང་སི“རིག་ནུས་ལྟེ་བའི”ནང་ཞུགས་ནས་དེའི་འཕེལ་རྒྱས་སྟོབས་ཆེར་འགྲོ་བའི་ལྟེ་བའི་སྡེ་ཁུལ་གྱི་ཁོངས་མིར་གྱུར་པར་ཧ་ཅང་དགའ་པོ་བྱུང་ཞེས་བརྗོད་པ་དང་། ཁོང་གིས“ས་ཁོངས་རང་བཞིན་གྱི་ཡོངས་ཁྱབ་ཀྱི་སྒུལ་བདེའི་སྦྲེལ་མཐུད་ཀྱི་ལས་སྟེགས་ཤིག་ཡིན་པའི་ངོས་ནས‘རིག་ནུས་ལྟེ་བས’སྔ་བར་ཕྱི་གསུམ་དུ་ས་ཁོངས་ཧྲིལ་པོར་སྤུས་ཚད་མཐོ་བའི་དྲ་རྒྱའི་ཞབས་འདེགས་ཞུ་རྒྱུར་གཞོལ་བཞིན་ཡོད། ཀྲུང་གོ་སྒུལ་བདེར་གོ་ལ་ཧྲིལ་པོར་ཁྱབ་པའི་ནུས་པ་ལྡན་པ་དང་ཀྲུང་གོ་སྒུལ་བདེ་རྒྱལ་སྤྱི་ཀུང་སི་དེའི་ནང་ཞུགས་པ་དེས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་གློག་འཕྲིན་གྱིས་མཐའ་སྣེའི་འཛད་སྤྱོད་པའི་གོ་ལ་ཧྲིལ་པོའི་སྦྲེལ་མཐུད་ཀྱི་དགོས་མཁོ་སྐོང་ཐུབ་རྒྱུ་མ་ཟད། ང་ཚོའི་རང་ངོས་ཀྱི་འགྲན་རྩོད་ནུས་པའང་ཆེ་རུ་གཏོང་ཐུབ་རྒྱུ་རེད”ཅེས་གསར་འགོད་པར་བརྗོད།
     དུས་མཚམས་ཤིག་རིང་ཀྲུང་གོའི་ཁེ་ལས་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་འཛམ་གླིང་དབུས་ཤར་ས་ཁུལ་གྱི་ཁྲོམ་ར་ཟམ་མི་ཆད་པར་རྒྱ་སྐྱེད་བཏང་ཡོད། 2018ལོའི་ཟླ་10པར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏི་པའེ་རུ་ཀྲུང་གོ་སྒུལ་བདེ་རྒྱལ་སྤྱི་ཀུང་སིའི་འཛམ་གླིང་དབུས་ཤར་ས་ཁུལ་གྱི་ཡན་ལག་ཀུང་སི་བཙུགས་པའི་ཁྱབ་བསྒྲགས་བྱས། གསར་དུ་བཙུགས་པའི་ཀུང་སིས་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་འཛམ་གླིང་དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་གཞན་དག་དབར་གྱི་འཕྲིན་གཏོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་མཐོང་ཆེན་བྱ་རྒྱུ་ཡིན་པ་རེད། ཟླ་11པར་ཀྲུང་གོ་སྒུལ་བདེ་རྒྱལ་སྤྱི་ཀུང་སིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འཕྲིན་གཏོང་ཀུང་སི་ཆེན་པོ་གཞན་ཞིག་ཡིན་པའི་ཕྱོགས་བསྡུས་འཕྲིན་གཏོང་ཀུང་སི་དང་ཡང་གྲོས་མཐུན་ལ་མིང་རྟགས་བཀོད་དེ། ཀུང་སི་དེའི་འཛམ་གླིང་དབུས་ཤར་ས་ཁུལ་དུ་ཁྱབ་པའི་གྲངས་གཞིའི་ལྟེ་གནས་སུ་དྲ་སྦྲེལ་ཞབས་ཞུའི་འཇུག་མཐུད་བྱ་ཡུལ་བཙུགས་ཡོད།
     ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཁེ་ལས་འབྲིང་ཆུང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཨ་ཕུའུ་ཏུའུ·སཱ་ཤིས་པོ·ས་ཅི་ཝ་ཉིས་འདི་ག་ཚགས་པར་གྱི་གསར་འགོད་པར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་གློག་འཕྲིན་ལ་རྨང་གཞིའི་སྒྲིག་བཀོད་དང་ལེགས་ཆ་གཞན་གྱི་ཐོན་ཁུངས་ལྡན་པས་ཀྲུང་གོ་སྒུལ་བདེ་རྒྱལ་སྤྱི་ཀུང་སིས་འཛམ་གླིང་དབུས་ཤར་ས་ཁུལ་དང་ཨ་ཧྥེ་རི་ཁ་བྱང་མའི་ཁྲོམ་ར་སྔར་བས་རྒྱ་སྐྱེད་གཏོང་རྒྱུར་ཕན་ཐོགས་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བརྗོད། ཕྱོགས་བསྡུས་འཕྲིན་གཏོང་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་ཨོ་སི་མན·སུའུ་ཏན་གྱིས་ཀྱང་གསར་འགོད་པར་ཀྲུང་གོའི་རོགས་ཟླ་དང་མཉམ་ལས་བྱས་ཏེ་སྒུལ་བདེའི་སྦྲེལ་མཐུད་སྔར་ལས་་སྟབས་བདེ་དང་། ཚོང་དོན་བྱེད་སྒོ་སྔར་བས་ནུས་ཆེར་འགྱུར་རྒྱུའི་རེ་སྒུག་བྱེད་བཞིན་ཡོད། “ང་ཚོས་ཀྲུང་གོ་སྒུལ་བདེ་རྒྱལ་སྤྱི་ཀུང་སི་དང་མཉམ་ལས་བྱས་ཏེ་2021ལོར་ཐུན་མོང་ཐོག་སྲུབས་མེད་སྦྲེལ་མཐུད་དང་བདེ་འཇགས་ནུས་ཆེའི་རིག་ནུས་གྲོང་ཁྱེར་ཞིག་བསྐྲུན་ཐུབ་རྒྱུར་གཞོལ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད”ཅེས་བརྗོད།
     མིག་སྔར་གོ་ལ་ཧྲིལ་པོའི་འཕྲིན་གཏོང་ཀུང་སི་ཚང་མས་5Gའཕེལ་རྒྱས་ལ་དོ་ཁུར་བྱེད་བཞིན་ཡོད་པས། འཛམ་གླིང་དབུས་ཤར་ས་ཁུལ་གྱི་སྒུལ་བདེའི་དྲ་སྦྲེལ་ཁྲོམ་རའི་མདུན་ལམ་ཡག་པོ་དང་བར་མཐོངས་ཆེན་པོ་ཡོད། སྔོན་དཔག་བྱས་ན་2025ལོར་སླེབས་སྐབས་ས་ཁུལ་དེ་གའི་སྒུལ་བདེའི་སྦྲེལ་མཐུད་30%ཚང་མ་5Gདྲ་རྒྱའི་ཐོག་བྱ་རྒྱུ་ཡིན་པ་རེད།