འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་16ཉིན།

༄༅༎ཉི་ཁེ་སུང་ཐེབས་རྩ་ལྷན་ཚོགས་ཀྱིས་ཀྲུང་ཨའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་40འཁོར་བར་
དྲན་གསོ་ཞུ་བའི་རོལ་དབྱངས་འདུ་ཚོགས་གཙོ་གཉེར་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་16ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཨ་རིའི་གཡོད་པ་ལིང་ཏ་ནས་ཟླ་1ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཨ་རིའི་ལི་ཁྲ་ཏེ·ཉི་ཁེ་སུང་ཐེབས་རྩ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་ཀྲུང་གོ་དང་ཨ་རིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་40འཁོར་བར་དྲན་གསོ་ཞུ་བའི་རོལ་དབྱངས་འདུ་ཚོགས་ཚེས་13ཉིན་གྱི་དགོང་མོ་ལི་ཁྲ་ཏེ·ཉི་ཁེ་སུང་ཙུང་ཐུང་གི་དཔེ་མཛོད་ཁང་དང་རྟེན་རྫས་བཤམས་མཛོད་ཁང་དུ་གཟབ་རྒྱས་ངང་གཉེར་ཞིང་། ཀྲུང་གོ་དང་ཨ་རིའི་ལས་རིགས་ཁག་གི་སྐུ་མགྲོན་350ལྷག་ཙམ་ཞུགས་ཡོད་པ་རེད།
     ལོ་ཧྲན་ཅིར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་ཀྲང་ཕིང་གིས་ཤིས་ཚིག་སྒྲོན་སྐབས་ཀྲུང་གོ་དང་ཨ་རིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་40རིང་གི་ལོ་རྒྱུས་ལམ་བུར་ཕྱིར་དྲན་བྱས་པ་དང་ཁོང་གིས“ལོ་རྒྱུས་ལས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་འཆམ་མཐུན་བྱུང་ན་གཉིས་ཀར་ཕན་པ་དང་། རྩོད་གཞི་ཐོན་ན་གཉིས་ཀར་གནོད་པས། མཉམ་ལས་ནི་ཡང་དག་པའི་གདམ་ག་འབའ་ཞིག་དེ་ཡིན་པ་ར་འཕྲོད་བྱུང་ཡོད”ཅེས་ནན་བཤད་བྱས་པ་རེད།
     ཀྲང་ཕིང་གིས་ཀྲུང་གོ་དང་ཨ་རིའི་ལས་རིགས་ཁག་གི་དམངས་ཚོགས་ཀྱིས་འདས་པའི་ལོ་40ཡི་རིང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཐད་ནུས་པ་གལ་ཆེན་བཏོན་པར་བསྔགས་བརྗོད་བྱས་པ་དང་། ཁོང་གིས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་མུ་མཐུད་འབད་བརྩོན་བྱས་ཏེ་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་དབར་ཉེ་ཆར་གྲུབ་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡོང་ཆེད་བྱ་སྤྱོད་ཧུར་ཐག་སྤེལ་དགོས་པའི་འབོད་སྐུལ་བྱས་པ་རེད།
     ཀྲང་ཕིང་གིས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱས་ཏེ་ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་དང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་མཐའ་འཁྱོངས་བྱེད་པ་དང་། ཐུན་མོང་གི་ཁེ་ཕན་ཟམ་མི་ཆད་པར་འཚོལ་ཞིབ་དང་རྒྱ་སྐྱེད་གཏོང་བ་དང་དངོས་སྒྲུབ་མཉམ་ལས་ལ་གཏིང་ཟབ་ངང་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཐོབ་ཚོར་སྔར་ལས་མང་བ་ཡོང་བ་བྱེད་པ། སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་པའི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་འདུན་པ་དང་མཐུན་པ་དང་ལས་རིགས་ཁག་གིས་འགྲོ་འོང་རྒྱ་ཆེར་གཏོང་བར་ལྕག་སྐུལ་ཧུར་ཐག་བྱས་ཏེ་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་དམངས་འདོད་དང་སྤྱི་ཚོགས་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་བ་བཅས་བྱེད་དགོས་ཞེས་བཤད་པ་རེད།
     ཉི་ཁེ་སུང་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཅི་མུའུ·པའེ་ལུན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། སྐབས་དེ་དུས་ཨ་རིའི་ཙུང་ཐུང་གི་འགན་བཞེས་བཞིན་པའི་ཉི་ཁེ་སུང་གིས་1972ལོར་ཀྲུང་གོར་འཚམས་འདྲིར་ཕེབས་ནས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་གསར་རྐྱང་ཞིག་འགོ་བརྩམས་པ་དང་། ད་ཆ་དེ་ཉིད་འཛམ་གླིང་ཐོག་ཕྱོགས་གཉིས་པོའི་འབྲེལ་བ་གལ་ཆེ་ཤོས་ཤིག་ཏུ་གྱུར་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེའི་ཁྲོད་ནས་ཕན་པ་མང་པོ་ཐོབ་ཡོད་ཅེས་བཤད་པ་རེད།