འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་16ཉིན།

༄༅།།མཚོ་སྔོན་རྨ་ལྷོ་ཀྲོའུ་རུ་ཡུལ་སྐོར་བའི་གྲངས་ཚད་དང་ཡོང་འབབ་གཉིས་ཀ་འཕར་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་16ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། 2018ལོར། རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་672.7ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་21%འཕར་བ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་19.52བྱུང་བ་དེ་དུས་མཚུངས་ལས་21%འཕར་ཏེ་ཀྲོའུ་ཡོངས་སུ་ཡུལ་སྐོར་བའི་མི་གྲངས་དང་ཡོང་འབབ་གཉིས་ཀ་འཕར་ཡོད།
    2018ལོར། ཀྲོའུ་དེས“ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་གཏོད་པའི”འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་། རྣམ་གྲངས་ཀྱི་སྣེ་ཁྲིད་ནུས་པ་ཆེ་རུ་བཏང་ནས་ཡུལ་སྐོར་རྣམ་གྲངས་ཡིག་ཐོག་སྙན་ཞུ་འབུལ་པའི་ལས་དོན་སྔར་བས་སྤེལ་ཤུགས་ཆེ་རུ་བཏང་སྟེ་ལོ་དེའི་ནང་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཁག་46དང་མ་དངུལ་སྒོར་དུང་ཕྱུར་21.5དོན་འཁྱོལ་བྱས་ནས་ཁམས་རའི་མཛེས་ལྗོངས་ཁུལ་གྱི་ཤར་ནུབ་འཛུལ་སྒོའི་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་དང་ཁམས་རའི་རིག་ནུས་ཡུལ་སྐོར། གཅན་ཚ་བདེ་སྐྱིད་གྲོང་ཚོའི་ཡུལ་སྐོར་དང་དབུལ་སྐྱོར་ཟུང་འབྲེལ་རྣམ་གྲངས། གཅན་ཚ་རྫོང་མཚོ་ཤར་ཡུལ་གཞན་གནས་སྤོས་ཀྱི་མེ་ཏོག་འདེབས་འཛུགས་རྣམ་གྲངས། རེབ་གོང་རྫོང་ཕྱེ་མ་ལེབ་ཐང་གི་སྒེར་འཁོར་སྒར་སའི་འཛུགས་སྐྲུན་རྣམ་གྲངས་བཅས་གཙོ་གནད་ཐོག་ལག་བསྟར་བྱས་པ་དང་ཆབས་ཅིག ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་འོས་སྦྱོར་བྱེད་སྒོ་ཐེངས་9ལ་སྔ་རྗེས་སུ་སྒྲིག་འཛུགས་བྱས་ནས་ཞུགས་ཤིང་། ཐེན་ཅིན་དང་ཧང་ཀྲོའུ་རུ་ཁྱད་ལྡན་ཐོན་ལས་འོས་སྦྱོར་ཚོགས་འདུ་བདེ་བླག་ངང་འཚོགས་པས་ཕན་འབྲས་ལེགས་པོ་ཐོན་ཡོད། གཞན་ཡང་། ཁམས་ར་མཛེས་ལྗོངས་ཁུལ་འདི་ཉིད“ཀྲུང་གོའི་རྨ་ལྷོའི་མཛེས་ལྗོངས་ཁུལ་50”དང“ཀྲུང་གོའི་ཡུལ་སྐོར་གྱི་ཐོན་ཁུངས་ལེགས་པའི་སྟོབས་ཆེན་མཛེས་ལྗོངས་ཁུལ་30”ཡི་ནང་བདམས་ཡོད་པ་རེད།