འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་16ཉིན།

༄༅།།2018ལོར་རང་རྒྱལ་གྱིས་ཕྱི་དངུལ་སྒོར་དུང་ཕྱུར་8856.1འགུག་ཐབས་བྱས་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་16ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་ཚོང་དོན་པུའི་ཕྱི་དངུལ་སིའི་འགན་འཁུར་བས་ངོ་སྤྲོད་བྱས་པར། 2018ལོར་རང་རྒྱལ་གྱིས་དངོས་སུ་ཕྱི་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར་8856.1སྤྱད་ནས་ཕྱི་དངུལ་འགུག་ཐབས་ཀྱི་གཞི་ཁྱོན་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་དེ་དུས་མཚུངས་ལས་0.9%(ཨ་སྒོར་ལ་ཕབ་ན་སྒོར་དུང་ཕྱུར་1349.7ཟིན་པ་དང་དུས་མཚུངས་ལས་3%འཕར་བ)འཕར་ཡོད་པ་རེད།
     2018ལོར་རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱིས་ཕྱི་དངུལ་འགུག་ཚད་མགྱོགས་མྱུར་འཕར་རྒྱུ་མངོན་འགྱུར་བྱུང་ཡོད། ཟླ་དང་པོ་ནས་བཅུ་གཉིས་བར་བཟོ་སྐྲུན་ལས་རིགས་ཀྱིས་དངོས་སུ་ཕྱི་དངུལ་སྤྱོད་ཚད་དུས་མཚུངས་ལས་20.1%འཕར་ནས་བསྡུར་ཚད་30.6%བཟུང་བ་དང་ལོ་གོང་མ་ལས་བརྒྱ་ཆའི་གྲངས་4.8འཕར་ཡོད། དེའི་ནང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་དུས་མཚུངས་ལས་35.1%འཕར་ཡོད་པ་རེད།
     དབུས་ནུབ་ས་ཁུལ་དུ་མགྱོཌ་མྱུར་འཕར་རྒྱུ་མངོན་འགྱུར་བྱུང་ཞིང་། 2018ལོར་དབུས་རྒྱུད་ས་ཁུལ་དུ་དངོས་སུ་ཕྱི་དངུལ་སྤྱོད་ཚད་དུས་མཚུངས་ལས་15.4%འཕར་བ་དང་ནུབ་རྒྱུད་ས་ཁུལ་དུ་དུས་མཚུངས་ལས་18.5%འཕར་ཡོད། རང་མོས་ཚོང་དོན་ཚོད་ལྟའི་ཁུལ་དུ་དུས་མཚུངས་ལས་3.3%འཕར་ནས་བསྡུར་ཚད་12.1%བཟུང་ཡོད།
     ཕྱི་དངུལ་གྱི་རྣམ་གྲངས་ཆེན་པོ་མགྱོགས་མྱུར་འཕར་རྒྱུ་མངོན་འགྱུར་བྱུང་ཞིང་། གན་རྒྱའི་ཕྱི་དངུལ་གྱི་ཨ་སྒོར་ཁྲི་5000ཡན་ཟིན་པའི་རྣམ་གྲངས་ཆེན་པོ་1700ཙམ་ཡོད་པ་དེ་དུས་མཚུངས་ལས་23.3%འཕར་ཡོད། མཉམ་ཉོའི་བྱེད་སྟངས་ཐོག་ནས་དངོས་སུ་ཕྱི་དངུལ་སྤྱོད་ཚད་དུས་མཚུངས་ལས་28.4%འཕར་ཡོད་པ་རེད།
     མ་དངུལ་ཡོང་ཁུངས་གཙོ་བོའི་མ་དངུལ་གཏོང་ཚད་འཕར་བའི་རྣམ་པ་བཟང་པོ་ཡོད་ཅིང་། 2018ལོར་མ་དངུལ་ཡོང་ཁུངས་གཙོ་བོའི་ཁྲོད། སིང་ཀ་ཕོར་དང་། འཇར་པན། དབྱིན་ཇི། ཨ་རི་བཅས་ཀྱི་དངོས་སུ་མ་དངུལ་གཏོང་ཚད་དུས་མཚུངས་ལས་8.1%དང་། 13.6% 150.1% 7.7%བཅས་སོ་སོར་འཕར་ཡོད། “རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་ཏུ་དངོས་སུ་མ་དངུལ་གཏོང་ཚད་དུས་མཚུངས་ལས་13.2%འཕར་ཡོད་པ་རེད།