འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་15ཉིན།

༄༅༎ཕྱི་འབྲེལ་པུས་ཀྲུང་གོས“རང་སྣང་གང་ཤར་གྱིས”ཁ་ན་ཏའི་སྤྱི་དམངས་བཀག་སྐྱིལ་བྱས་པའི་
ཉེས་འཛུགས་ལ་ཁུངས་ལུང་སྤུ་ཙམ་ཡང་མེད་པར་བརྗོད།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་15ཉིན། 15:18】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཚེས་14ཉིན་ལ་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག་ཏུ། ཀྲུང་གོའི་འབྲེལ་ཡོད་སྡེ་ཚན་གྱིས་ཁྲིམས་ལྟར་གྱོད་གཞི་སྒྲུབ་པ་ལས། ཀྲུང་གོ་ཕྱོགས་ཀྱིས“རང་སྣང་གང་ཤར་གྱིས”ཁ་ན་ཏའི་སྤྱི་དམངས་བཀག་སྐྱིལ་བྱས་པའི་ཉེས་འཛུགས་ལ་ཁུངས་ལུང་སྤུ་ཙམ་ཡང་མེད་པར་བརྗོད།
     གསར་འགོད་པ་ཞིག་གིས། གནས་འཕྲིན་ལ་གཞིགས་ན་ཁ་ན་ཏའི་ཙུང་ལི་ཐེ་ལུའུ་ཏུའོ་ཡིས་ཚེས་11ཉིན་ལ་ཀྲུང་གོ་ཕྱོགས་ཀྱིས“རང་སྣང་གང་ཤར་དང་དྲང་གཞག་མིན་པའི་”སྒོ་ནས་ཁ་ན་ཏའི་སྤྱི་དམངས་གཉིས་བཀག་སྐྱིལ་བྱས་པ་རེད་ཅེས་བརྗོད་ཡོད་པ་དང་། དེའི་ཁྲོད་དུ་ཁ་ན་ཏའི་ཕྱི་འབྲེལ་དཔོན་ཟུར་པ་ཁང་མིང་ཁའེ་བཀག་ཉར་བྱས་པ་དེས་ཕྱི་འབྲེལ་གྱི་ཁྲིམས་སྒོ་རང་བཙན་གྱི་དབང་ཆར་བརྩི་འཇོག་བྱས་མི་འདུག་ཅེས་བརྗོད་ཡོད། ཁ་ན་ཏ་ཕྱོགས་ཀྱིས་མིག་སྔར་དོན་དེའི་ཐད་ཀྲུང་གོ་ཕྱོགས་ཀྱི་དཔོན་རིགས་དང་གོ་ལ་ཧྲིལ་པོའི་རོགས་ཟླ་དང་འབྲེལ་འདྲིས་བྱེད་བཞིན་ཡོད་ལ། རྒྱལ་ཁབ་ཚང་མས་ཁ་ན་ཏ་ཕྱོགས་དང་འདྲ་བར་ཁྲིམས་སྐྱོང་དང་ཁྲིམས་འཛིན་བྱ་རིམ་གྱི་རང་ཚུགས་ལ་བརྩི་འཇོག་བྱས་ནས་བྱ་བ་བསྒྲུབ་དགོས་ཞེས་བརྗོད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྒྱུ་ཡོད་དམ་ཞེས་དྲིས་པར།
     ཧྭ་ཁྲུན་ཡིང་གིས། ངས་འབྲེལ་ཡོད་ཀྱི་གནས་འཕྲིན་མཐོང་བྱུང་། ཀྲུང་གོའི་འབྲེལ་ཡོད་སྡེ་ཚན་གྱིས་ཁྲིམས་ལྟར་གྱོད་གཞི་སྒྲུབ་པ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས“རང་སྣང་གང་ཤར་གྱིས”ཁ་ན་ཏའི་སྤྱི་དམངས་བཀག་སྐྱིལ་བྱས་པའི་ཉེས་འཛུགས་ལ་ཁུངས་ལུང་སྤུ་ཙམ་ཡང་མེད་པ་རེད། དེ་མིན་ཁྲིམས་སྒོ་རང་བཙན་སྐོར་གྱི་གནད་དོན་ཐད། ངས་ཁ་ན་ཏ་ཕྱོགས་ཀྱི་འབྲེལ་ཡོད་མི་སྣས་གཏམ་གླེང་མ་སྤེལ་གོང་ལ། ཐོག་མར་《ཝེ་ཡེ་ནའི་ཕྱི་འབྲེལ་འབྲེལ་བའི་སྤྱི་ཆིངས》དང་རྒྱལ་སྤྱིའི་བཅའ་ཁྲིམས་ལ་སློབ་སྦྱོང་དང་ཞིབ་འཇུག་ནན་ཏན་བྱེད་དགོས་པར་འདོད། འགྲིག་འགྲིག་འདྲ་བྱས་ནས་བཞད་གད་ཀྱི་གནས་སུ་མ་གྱུར་ན་དགའ་ཞེས་བརྗོད་ཡོད།
     ཧྭ་ཁྲུན་ཡིང་གིས། ཕྱོགས་གང་ནས་བལྟས་ནའང་ཁང་མིང་ཁའེ་ལ《ཝེ་ཡེ་ནའི་ཕྱི་འབྲེལ་འབྲེལ་བའི་སྤྱི་ཆིངས》ནང་གཏན་འབེབས་བྱས་པའི་ཕྱི་འབྲེལ་གྱི་ཁྲིམས་སྒོ་རང་བཙན་གྱི་དབང་ཆ་མི་ལྡན། ཁང་མིང་ཁའེ་ནི་ད་ལྟའི་ཕྱི་འབྲེལ་དཔོན་མིན། ཁོས་ད་ཐེངས་ལམ་ཡིག་དཀྱུས་མ་དང་ཚོང་དོན་གྱི་མཐོང་མཆན་འཁྱེར་ནས་ཀྲུང་གོར་ཡོང་བ་ཡིན་ལ། ཀྲུང་གོའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱེད་སྒོ་སྤེལ་དོགས་ཡོད་དབང་གིས་ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཁྲིམས་ལྟར་བཙན་ཤེད་ཀྱི་བྱེད་ཐབས་བཀོལ་བ་ཞིག་ཡིན། 《ཝེ་ཡེ་ནའི་ཕྱི་འབྲེལ་འབྲེལ་བའི་སྤྱི་ཆིངས》དང་རྒྱལ་སྤྱིའི་བཅའ་ཁྲིམས་ལ་གཞིགས་ན། ཁོ་ལ་ཁྲིམས་སྒོ་རང་བཙན་གྱི་དབང་ཆ་ལོངས་སུ་སྤྱོད་དབང་མེད་ཅེས་བརྗོད།
     དེ་མིན། ཁ་ན་ཏ་ཕྱོགས་ཀྱིས་རྒྱལ་ཁབ་ཚང་མས་ཁྲིམས་འཛིན་རང་ཚུགས་ལ་བརྩི་འཇོག་བྱེད་དགོས་ཞེས་པར། ཁ་ན་ཏ་ཕྱོགས་ཀྱིས་ཐོག་མར་བྱ་སྤྱོད་ངོ་མ་སྤེལ་ནས་རང་ཉིད་ཁྲིམས་འཛིན་རང་ཚུགས་ཡིན་པ་ར་སྤྲོད་བྱེད་དགོས་ཞེས་ཧྭ་ཁྲུན་ཡིང་གིས་བརྗོད།