འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་15ཉིན།

༄༅།ཀྲུང་གོའི་འཕེལ་རྒྱས་ལམ་བུའི་ཉམས་མྱོང་དང་བསླབ་བྱར་ ཞིབ་འཇུག་གཏིང་ཟབ་བྱེད་རིན་ཡོད་པ།

—— ཧ་སག་སི་ཐན་གྱི་ཙུང་ཐུང་གི་འཐབ་ཇུས་ཞིབ་འཇུག་སུའོ་ཡི་ཀྲུང་གོའི་གནད་དོན་གྱི་རིགས་གཅིག་ མཁས་ཅན་ཁང་སི་ཐན་ཏིང·སེ་ལུའོ་ཡེ་རེ་ཅིན་ལ་བཅར་འདྲི་བྱས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་15ཉིན། 11:35】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཀྲུང་གོས་1978ལོར་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ཡི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་བརྒྱུད་ཡོད། ལོ་40ཡི་ནང་ཀྲུང་གོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ཧ་སག་སི་ཐན་གྱི་ཙུང་ཐུང་གི་འཐབ་ཇུས་ཞིབ་འཇུག་སུའོ་ཡི་ཀྲུང་གོའི་གནད་དོན་གྱི་རིགས་གཅིག་མཁས་ཅན་ཁང་སི་ཐན་ཏིང·སེ་ལུའོ་ཡེ་རེ་ཅིན་གྱིས་གསར་འགོད་པར་ཀྲུང་གོའི་འཕེལ་རྒྱས་ལམ་བུའི་ཐོག་གི་ཉམས་མྱོང་དང་བསླབ་བྱར་ཞིབ་འཇུག་གཏིང་ཟབ་བྱེད་རིན་འདུག་ཅེས་བརྗོད་པ་རེད།
     ལོ་40ཡི་གོང་ཀྲུང་གོའི་རྒྱལ་དམངས་དཔལ་འབྱོར་ཉམས་རྒུད་ཀྱི་གནས་སུ་སླེབས་ཡོད། འགག་རྩའི་དུས་སྐབས་དེར་ཀྲུང་གོའི་འགོ་ཁྲིད་རིམ་པས་སྒྱུར་བཅོས་སྒོ་དབྱེའི་ཡང་དག་པའི་ཐབས་ཇུས་བཀོད་ཡོད། སེ་ལུའོ་ཡེ་རེ་ཅིན་གྱིས་1978ལོའི་ཟླ་12པར་འཚོགས་པའི་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་དུས་རབས་ཀྱི་དོན་སྙིང་ལྡན་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ད་རེས་ཀྱི་ཚོགས་འདུའི་ཐོག་འཕེལ་རྒྱས་ལམ་བུའི་ཐོག་གི་ཉམས་མྱོང་དང་བསླབ་བྱ་དངོས་ཕྱོགས་སྡོམ་བྱས་ཏེ་ཐབས་ཇུས་གལ་ཆེན་རབ་དང་རིམ་པ་བཏོན་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་འདས་ཟིན་པའི་ལོ་ཟླར་ཁས་མི་ལེན་པ་མ་བྱས་པར་རང་ངོས་ཀྱི་ནོར་འཁྲུལ་ལ་ལྟ་སྟངས་ཡང་དག་འཛིན་ཏེ་སྒྱུར་བཅོས་སྒོ་དབྱེར་གྲུབ་འབྲས་ཐོབ་ཆེད་རྨང་གཞི་བཏིང་ཡོད། “ལུང་འཛིན་རིང་ལུགས་དོར་ཁག་ལ་རང་ངོས་ཀྱི་ནོར་འཁྲུལ་ལ་ཁས་ལེན་བྱས་ཏེ་ཡོ་བསྲང་བྱ་རྒྱུ་དེ་བས་བྱེད་ཁག་པོ་ཡོད་རུང་། ཀྲུང་གོས་དེ་དག་ཚང་མ་བྱེད་ཐུབ་པ་བྱས་ཡོད། དེ་ནི་ཀྲུང་གོའི་སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་གྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ་སྒྱུར་བཅོས་སྒོ་དབྱེར་ཐོབ་པའི་འགག་རྩའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན”ཞེས་བརྗོད་པ་རེད།
     མི་རྩ་བར་འཛིན་རྒྱུ་ནི་སྒྱུར་བཅོས་སྒོ་དབྱེའི་ཡིད་དབང་འགུག་ཤུགས་དང་གསོན་ཤུགས་ཆེན་པོའི་འབྱུང་རྩ་རེད། སེ་ལུའོ་ཡེ་རེ་ཅིན་གྱིས་ལོ་40ཡི་ནང་ཀྲུང་གོས་སྤྱད་པའི་སྒྱུར་བཅོས་བྱེད་ཐབས་ཁག་གིས་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་རྒྱུ་གཞི་རྩའི་དམིགས་ཡུལ་དུ་བྱས་ཡོད། ཀྲུང་གོའི་མི་སེར་ཚོའི་གླ་ཕོགས་ཀྱི་ཡོང་འབབ་དང་རྒན་ཡོན་ཞུས་རྗེས་ཀྱི་གླ་ཕོགས་ཟམ་མི་ཆད་པར་མཐོ་རུ་འགྲོ་བཞིན་ཡོད་པ་དང་སྤྱི་ཚོགས་འགན་ལེན་སྣ་ཚོགས་ཉིན་བཞིན་འཐུས་སྒོ་ཚང་དུ་འགྲོ་བཞིན་ཡོད་པ་རེད། སྒྱུར་བཅོས་སྒོ་དབྱེའི་ཁེ་སྤོགས་ལས་མི་རྣམས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད་ཅེས་ནན་བཤད་བྱས།
     དཔལ་འབྱོར་འཕར་བ་དང་བསྟུན་ནས་ཀྲུང་གོའི“འཇམ་ཤུགས”ཀྱང་ཇེ་ཆེར་སོང་ཡོད། སེ་ལུའོ་ཡེ་རེ་ཅིན་གྱིས་ཉེ་བའི་ལོ་ཤས་ནང་ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་མཁན་ཡིན་ནའང་འདྲ་ཡང་ན་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་སྐྱོད་མཁན་ཀྲུང་གོའི་སློབ་གྲྭ་ཆེ་མོ་བ་རྒྱུན་མཐུད་ངང་མང་དུ་འགྲོ་བའི་རྣམ་པ་ཐོན་བཞིན་ཡོད། གཞན་ཡང་། ཀྲུང་གོས་གསར་གཏོད་ཐད་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། “ཀྲུང་གོའི་སྲིད་གཞུང་དང་ཁེ་ལས་ཀྱི་ཞིབ་སྤེལ་ཐད་བཏང་བའི་མ་དངུལ་ལམ་ཡང་ན་ཆེད་ཁེའི་གྲངས་ཚད་དང་ཚན་ཞིབ་གྲུབ་འབྲས་ཚང་མ་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད”ཅེས་བརྗོད་པ་རེད།
     ད་ཆ་ཀྲུང་གོ་འདི་ཉིད་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་ཨང་གཉིས་པ་དེ་ཡིན་པའི་ངོས་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་སྒུལ་ཤུགས་གལ་ཆེན་དུ་གྱུར་ཡོད། སེ་ལུའོ་ཡེ་རེ་ཅིན་གྱིས་སྒྱུར་བཅོས་སྒོ་དབྱེའི་ཐོག་མའི་དུས་མཚམས་སུ་ཕྱི་རྒྱལ་གྱི་མ་འཇོག་འགུག་ཐབས་བྱེད་པ་ནི་ཀྲུང་གོས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་རེད་ཅེས་བརྗོད་ཚེ་ལོ་40ཡི་འཕེལ་རྒྱས་བརྒྱུད་ཀྲུང་གོས་རྒྱལ་ནང་གི་ཁྲོམ་ར་མུ་མཐུད་སྒོ་མོ་འབྱེད་པ་དང་ཆབས་ཅིག་ཕྱི་ཕྱོགས་སུ་མ་འཇོག་ཧུར་ཐག་བྱས་ཏེ་འཛམ་གླིང་ཡོངས་ལ་ཁེ་ཕན་སྐྲུན་གྱི་ཡོད། “ཀྲུང་གོའི་མ་འཇོག་འཛམ་གླིང་ས་གནས་ཁག་ལ་ཁྱབ་ནས་རྒྱལ་ཁབ་ཁག་གི་དཔལ་འབྱོར་འཕེལ་རྒྱས་ཐད་གསོན་ཤུགས་བསྣན་ཡོད་ལ། ཀྲུང་གོ་འདི་ཉིད་འགན་འཁྲི་ཁུར་མཁན་གྱི་དཔལ་འབྱོར་སྟོབས་ཆེའི་རྒྱལ་ཁབ་ཏུ་གྱུར་ཡོད”ཅེས་བརྗོད་པ་རེད།
     ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བརྒྱུད་རང་ངོས་འཕེལ་རྒྱས་ཡོང་བ་བྱས་པ་དང་ཆབས་ཅིག་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་འཕེལ་རྒྱས་ཀྱི་འགྲོ་ལམ་དང་ཐབས་ཤེས་འཚོལ་ཞིབ་ཧུར་ཐག་བྱས་ཡོད། སེ་ལུའོ་ཡེ་རེ་ཅིན་གྱིས་དུས་རབས་གསར་པར་སླེབས་ཚུན་ཀྲུང་གོས་གོ་ལ་ཧྲིལ་པོ་ཅན་གྱི་མིག་རྒྱང་ཐོག་ནས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བཏོད་པ་སོགས་གཉིས་ཁེ་གཉིས་ཕན་དམིགས་ཡུལ་དུ་བྱས་པའི་གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་ཇུས་གཞི་བཟོས་ཡོད། “ཇུས་གཞི་དེ་དག་རྒྱལ་ཁབ་མང་ཆེ་བའི་ཁེ་ཕན་དང་འཚམ་ཡོད། ཧ་སག་སི་ཐན་ནི་ཇུས་གཞི་དེ་དག་ནང་ཞུགས་མཁན་དང་རྒྱབ་སྐྱོར་བྱེད་མཁན་ཞིག་རེད། མིག་སྔའི་བར་ཇུས་གཞི་དེ་དག་ལ་མི་འཚམ་པ་གང་ཡོད་པ་ངས་ཤེས་མ་བྱུང”ཞེས་བརྗོད་པ་རེད།