འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་14ཉིན།

༄༅།།བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པ་རྒྱལ་ཁའི་ངང་གྲོལ་བ།

ཝུའུ་དབྱིང་ཅེ་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཀྲོང་ཡན་བཅས་ཚོགས་འདུར་ཕེབས་པ། ཏིང་ཡེ་ཤན་གྱིས་གསུང་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་14ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅།།བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པ་རྒྱལ་ཁའི་ངང་གྲོལ་བ།
     མི་དམངས་དྲ་བའི་འཕྲིན། དུས་ཡུན་ཉིན་ལྔ་ཡིན་པའི་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་ཚེས་13ཉིན་གྱི་ཕྱི་དྲོ་རྒྱལ་ཁའི་ངང་གྲོལ་བ་རེད། 
     ཝུའུ་དབྱིང་ཅེ་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཀྲོང་ཡན། ནོར་བུ་དོན་གྲུབ། ཅང་ཅེ། སྤེན་པ་བཀྲ་ཤིས། པད་མ་དབང་འདུས། ལིའུ་ཅང་། ལེགས་མཆོག པ་སངས་སོགས་ཚོགས་ཆེན་ལ་ཕེབས་ནས་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པ་གྲོལ་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་རེད། 
     བོད་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་གསུང་བཤད་གནང་བ་རེད། 
     བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པ་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ་བསྟན་ཁོས་གཙོ་སྐྱོང་གནང་བ་རེད། 
     བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀའོ་དབྱང་དང་། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། བློ་བཟང་འགྱུར་མེད། རྫོང་ལོ་བྱམས་པ་མཁས་གྲུབ། ས་ལུང་ཕུན་ལགས། བསོད་ནམས་རིག་འཛིན། ངག་དབང་། ང་ཕོད་འཇིགས་ཡོན། ཝང་ཡ་ལིན། སངས་རྒྱས་གྲགས་པ། སྒྲོལ་དཀར། ལེ་ཀུའེ་ལུང་། བཀྲ་ཤིས་ཟླ་བ་བཅས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད་པ་རེད། སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད། 
     ཆུ་ཚོད་15དང་སྐར་མ་40ལ་བསྟན་ཁོས་མཇུག་འགྲིལ་ཚོགས་འདུ་འགོ་ཚུགས་པ་ཁྱབ་བསྒྲགས་གནང་ཞིང་། ཁོང་གིས་དང་ཐོག་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་ཚོགས་ཞུགས་ཨུ་ཡོན་ཚང་མའི་ཚབ་ཞུས་ཏེ། ཧྲུའུ་ཅི་ཝུའུ་དབྱིང་ཅེ་སོགས་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་དམག་གི་འགོ་ཁྲིད་བློ་མཐུན་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རྒན་གྲས་བློ་མཐུན་ལེགས་མཆོག་དང་པ་སངས་སོགས་མཇུག་འགྲིལ་ཚོགས་འདུར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་དེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚད་མཐོའི་མཐོང་ཆེན་དང་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཡོད། དུས་རབས་གསར་པས་ལས་འགན་གསར་པ་དཀྲིས། ལམ་བུ་གསར་པས་བྱ་སྤྱོད་གསར་པ་འགུག ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པ་བྱེད་པ། ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དེ་བས་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་དོན་འཁྱོལ། དེ་བས་རང་རྟོགས་ངང་རིགས་ཁོངས་ཁག་གི་མང་ཚོགས་ཀྱི་སྣེ་ཁྲིད་ནས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ། ཏང་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་དང་ཆེད་དོན་གྲོས་མོལ་སྒྲིག་གཞི་ཡིན་པའི་མི་དམངས་སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་ཏན་ཏིག་བཅས་བྱས་ནས་རང་ལྗོངས་ཀྱི་སྲིད་གྲོས་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཞེས་གསུངས་པ་རེད། 
     ཚོགས་ཆེན་ཐོག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་གྲོས་ཆོད་ལ་གྲོས་ཞིབ་བྱས་པ་དང་འབྲེལ་གྲོས་འཆམ་ཡང་བྱུང་བ་དང་། སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྙན་ཞུར་གྲོས་ཞིབ་བྱས་པ་དང་འབྲེལ་གྲོས་འཆམ་ཡང་བྱུང་བ། སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་ཆབ་སྲིད་གྲོས་ཆོད་ལ་གྲོས་ཞིབ་བྱས་པ་དང་འབྲེལ་གྲོས་འཆམ་ཡང་བྱུང་ཡོད། ཏིང་ཡེ་ཤན་གྱིས་གསུང་བཤད་གནང་སྐབས་ད་ལོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་ལག་བསྟར་བྱ་རྒྱུ་གཏིང་ཟབ་ཏུ་གཏོང་བའི་ལོ་ཞིག་ཡིན་པ་དང་། དབུལ་སྒྲོག་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འགག་རྩའི་ལོ་ཞིག་ཀྱང་རེད་ལ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བ་དང་། མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་70འཁོར་བ། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བ། བོད་ལྗོངས་སྲིད་གྲོས་དབུ་བརྙེས་ནས་ལོ་60འཁོར་བ་བཅས་ཀྱི་ལོ་ཞིག་ཀྱང་རེད། ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཀྱི་ཁོངས་ཞུགས་ཚན་པ། རྒྱ་ཆེའི་སྲིད་གྲོས་ཀྱི་ཨུ་ཡོན་བཅས་ཀྱིས་ངེས་པར་དུ་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ཁ་ཕྱོགས་གསར་པ་དང་འགན་འཁྲི་གསར་པར་གཞི་ཚུགས་ཏེ་རྒྱལ་ཡོངས་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་ལེགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་སྤྱིའི་བཀོད་སྒྲིག་དང་། ལྗོངས་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་ལེགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་ཞིབ་ཕྲའི་བླང་བྱ་ཁག་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས་པ་དང་། “གཙོ་བོའི་ཤུགས་རྒྱག་ས་ལྔ”ལ་དམིགས་ནས། ཐེངས་འདིའི་ཚོགས་འདུའི“སྙན་སྒྲོན་གསུམ”དང“གྲོས་ཆོད་གཉིས”ཀྱི་བཀོད་སྒྲིག་གཞིར་བཟུང་ཇུས་འདོན་སྲིད་དོན་སྐྱོང་རོགས་དང་ཐུན་མོང་ངོས་འཛིན་གཅིག་མཐུན་བྱ་རྒྱུ་ཕྱོགས་གཉིས་ནས་ནུས་པ་འདོན་རྒྱུ་མཐའ་འཁྱོངས་དང་། “དོན་ཐོག་ཏུ་འཁྱོལ་ཐུབ་པ”དང“གཅིག་ཏུ་འགྲིལ་ཐུབ་པ”བྱེད་པའི་ཁྲོད་ལེགས་ཆ་འདོན་སྤེལ་བྱས་ཏེ་བོད་ལྗོངས་སྲིད་གྲོས་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཞེས་བསྟན་གནང་བ་རེད། 
     ཏིང་ཡེ་ཤན་གྱིས་བླང་བྱ་ཁག་ལྔ་བཏོན་གནང་བ་སྟེ། གཅིག་ནས་སློབ་སྦྱོང་བྱ་རྒྱུ་གཏིང་ཟབ་ཏུ་བཏང་སྟེ་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་རྒྱུའི་ཐད་མཐོར་འདེགས་གསར་པ་ཡོང་བ་བྱེད་དགོས། སློབ་སྦྱོང་གིས་སྔོན་ལ་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་ཤུགས་ཆེ་རུ་བཏང་ཐོག བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་དང་ཇུས་འདོན་སྲིད་དོན་སྐྱོང་རོགས་ཀྱི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། སློབ་སྦྱོང་གི་ནང་དོན་རྒྱ་སྐྱེད་དང་། སློབ་སྦྱོང་བྱེད་ཐབས་གསར་གཏོད། རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བཅས་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུཌ་ཀྱི་དགོངས་པ་དང་ལྷག་པར་དུ་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་གལ་ཆེའི་དགོངས་པ་སློབ་སྦྱོང་བྱ་རྒྱུ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་དགོས། བོད་ལྗོངས་ཀྱི་དོན་དངོས་གནས་ཚུལ་དང་སྲིད་གྲོས་ལས་དོན་གྱི་དམིགས་བསལ་རང་བཞིན་ཟུང་འབྲེལ་བྱས་ཏེ། རིགས་པའི་གཞུང་ལུགས་དང་སྲིད་ཇུས་དང་ལས་སྒོའི་ཤེས་བྱ་གཉིས་གཟིགས་ཞིབ་རྟོག་ཞིབ་དང་གྲོས་མོལ་སྲིད་གླེང་སོགས་འགན་སྒྲུབ་ཀྱི་ཕྱོགས་ཁག་ལ་ཁྱབ་པར་བྱས་ནས་སློབ་སྦྱོང་གི་སྤུས་ཚད་དང་ཕན་འབྲས་འགན་ལེན་བྱེད་དགོས། རིགས་པའི་གཞུང་ལུཌ་ཀྱི་གཏིང་ཚད་དང་། ཆབ་སྲིད་ཀྱི་ངེས་ཤུཌ། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་གཏོང་དགོས་པ་དང་། 
     གཉིས་ནས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་ཏང་འཛུགས་སྐྱོང་ཐད་མཐོར་འདེགས་གསར་པ་ཡོང་བ་བྱེད་དགོས། མི་དམངས་སྲིད་གྲོས་ཀྱི་ཐོག་མའི་འགན་འཁྲི་བློ་ལ་བརྟན་པོར་འཆང་དགོས། ཏང་གི་འགོ་ཁྲིད་ནི་སྲིད་གྲོས་ཀྱི་ལམ་ལུགས་བཀོད་སྒྲིག་དང་ཆབ་སྲིད་སྒྲིག་འཛུགས་ཀྱི་ཆེས་རྩ་བའི་ཁྱད་ཆོས་ཡིན་པ་དེར་ཁོང་དུ་བརྟན་པོར་ཆུད་པར་བྱས་ནས། ཏང་གིས་སྲིད་གྲོས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པའི་རྩ་བའི་ཆབ་སྲིད་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་། སྲིད་གྲོས་རྩ་འཛུགས་དང་བྱེད་སྒོ་ཁག་གི་ཁྲོད་ཏང་གི་འགོ་ཁྲིད་གནས་བབ་བརྟན་སྲུང་བྱེད་དགོས། ཀྲུང་དབྱང་གཞུང་དོན་ཐིང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། རྒྱལ་ཡོངས་སྲིད་གྲོས་དང་ལྗོངས་ཏང་ཨུད་ཀྱིས་སྲིད་གྲོས་ཀྱི་ཏང་ལེགས་སྐྱོང་ཐད་བཏོན་པའི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་ལག་བསྟར་དོན་འཁྱོལ་བྱས་ནས། ཏང་ལེགས་སྐྱོང་དེ་ཉིད་འགན་སྒྲུབ་ལག་ལེན་གྱི་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་ཐུབ་པ་བྱེད་དགོས། སྲིད་གྲོས་ལས་དོན་ཁྲོད་སྲིད་གྲོས་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་། བསམ་བློའི་ཁྲིད་སྟོན་ནུས་པ། མང་ཚོགས་སྒྲིག་འཛུགས་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་ཆེ་རུ་གཏོང་དགོས། 
     གསུམ་ནས་ལག་ལེན་གསར་གཏོད་བྱས་ནས་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ཐད་ཐོད་བརྒལ་གསར་པ་ཡོང་བ་བྱེད་དགོས། དུས་རབས་ཡར་ཐོན་གྱི་བླ་སྲོག་ལྟ་བུ་ཡིན་པའི་གསར་གཏོད་ལག་ལེན་འདི་ཉིད་ལ་དམ་འཛིན་དང་། བོད་ལྗོངས་སྲིད་གྲོས་ལས་དོན་གྱི་དམིགས་བསལ་རང་བཞིན་སྟངས་འཛིན་བྱས་ནས། ཇུས་འདོན་སྲིད་དོན་སྐྱོང་རོགས་དང་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་པའི་ལས་འགན་གསར་པ་དང་བླང་བྱ་གསར་པར་དམིགས་ནས། འདུ་ཤེས་ཀྱི་བསམ་ཕྱོགས་དང་། ཐབས་ཤེས་ཀྱི་གཞི་རྟེན། ལམ་ལུགས་ཀྱི་སྒྲིག་གཞི་བཅས་གསར་གཏོད་བྱེད་དགོས། ལས་སྟེགས་བཏོད་ནས་ཐབས་ལམ་རྒྱ་ཆེར་གཏོང་དགོས། “དོན་ཐོག་ཏུ་འཁྱོལ་ཐུབ་པ”དང“གཅིག་ཏུ་འགྲིལ་ཐུབ་པ”ཕྱོགས་གཉིས་ནས་ལེགས་ཆ་འདོན་སྤེལ་དང་ལས་དོན་ཡག་པོ་སྒྲུབ་པ་དང་རིན་ཐང་མངོན་འགྱུར་ཐུབ་པ་བྱེད་དགོས། བྱ་ཐབས་གསར་གཏོད་བྱས་ནས་མཉམ་ཤུགས་གྲུབ་པ་བྱེད་དགོས། སྲིད་གྲོས་ཁོངས་གཏོགས་ཀྱི་འདུ་ཤེས་ཆེར་གཏོང་དང་ཕྱོགས་ཁག་གི་ཐོན་ཁུངས་ཟླ་སྒྲིལ་བཏང་ནས་འགན་སྒྲུབ་སྒྲིག་འཛུགས་ཅན་གྱི་ཚད་གཞི་མཐོ་རུ་གཏོང་དགོས། གོང་འོག་མཉམ་འགུལ་དང་མཉམ་འཛིན་མཉམ་སྡོམ་གྱི་གསོན་ཉམས་དོད་པའི་རྣམ་པ་གྲུབ་པ་བྱེད་དགོས། 
     བཞི་ནས་སྤུས་འབྲས་ལེགས་གཏོང་བྱས་ཏེ་སྤྱི་ཡོངས་ལ་ཞབས་ཞུ་བསྒྲུབ་རྒྱུའི་ཐད་བྱ་སྤྱོད་གསར་པ་མངོན་པ་བྱེད་དགོས། འགན་ནུས་སྒྲུབ་པའི་སྤུས་ཚད་དེ་འབུར་ཐོན་གྱི་གནས་བབ་ཐོག་འཇོག་དགོས་ཤིང་། འགན་ནུས་སྒྲུབ་པའི་བྱེད་སྒོ་ཁག“གང་ཞིག་བསྒྲུབས་པ”དང“ག་ཚོད་བསྒྲུབས་པ”གཉིས་ལ་སྣང་ཆེན་བྱེད་པའི་ཕྱོགས་ནས“གྲུབ་འབྲས་གང་ཞིག་ཐོན་ཡོད་པའི”ཕྱོགས་སུ་འགྱུར་བ་བྱེད་དགོས། ནན་ཏན་གྱི་སྒོ་ནས་ལོ་འཁོར་གྱི་གྲོས་མོལ་འཆར་གཞི་ལག་བསྟར་བྱེད་དགོས། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་འགྲིལ་བྱ་རྒྱུ་དེ་འགན་ནུས་བསྒྲུབ་པའི་ཐོག་མའི་དམིགས་ས་དང་དོན་ལ་བབས་སར་བརྩི་དགོས། བརྟག་དཔྱད་ཞིབ་འཇུག་གི་སྤུས་ཚད་མཐོ་རུ་གཏོང་དགོས། ཐབས་འདོན་ཇུས་འབུལ་གྱི་སྔོན་དཔག་རང་བཞིན་དང་། དམིགས་གཏད་རང་བཞིན། གནས་ལ་འཕིགས་ཚད་བཅས་ཀྱི་ཐད་ལ་ཤུགས་སྣོན་བརྒྱབ་སྟེ། སྔར་བས་མང་བའི་ལྟ་ཚུལ་དང་། སྤུས་ཚད། རིན་ཐང་བཅས་ལྡན་པའི་བསམ་འཆར་དང་གྲོས་འགོ་ཁག་ཏང་སྲིད་ཀྱི་ཐབས་ཇུས་ཁྲོད་འཇུག་ཐུབ་པ་བྱེད་དགོས། འགན་སྒྲུབ་ཀྱི་ཕན་ནུས་མཐོར་འདེགས་གཏོང་དགོས། གཙོ་གནད་འབུར་ཐོན་དང་། གོ་རིམ་ལ་སྟངས་འཛིན། ཞན་ཆ་ཁ་གསབ་བཅས་བྱས་ཏེ་རྒྱུན་ཆད་མེད་པར་ཇུས་འདོན་སྲིད་གླེང་གི་གནད་ལ་འཕིགས་ཚད་དང་དངོས་ཕན་རང་བཞིན་མཐོར་འདེགས་གཏོང་དགོས་ལ། སྲིད་གྲོས་ལས་ཀའི་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་དགོས། 
     ལྔ་ནས་རྨང་རྩ་གཉིས་བརྟན་ཡོང་བ་བྱས་ཏེ་སྲིད་གྲོས་རང་ངོས་ཀྱི་འཛུགས་སྐྱོང་ཐད་རྣམ་པ་གསར་པ་མངོན་པ་བྱེད་དགོས། ཨུ་ཡོན་དང་། རིགས་ཁོངས། ཆེད་དོན་ཨུ་ལྷན། ལས་ཁུངས་བཅས“ཕྱོགས་བཞི་གཞི་གཅིག”འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་ནས་སྲིད་གྲོས་ཨུ་ཡོན་གྱི་གཙོ་ཤུགས་ནུས་པ་དང་། ཆེད་དོན་ཨུ་ལྷན་གྱི་རྨང་གཞིའི་ནུས་པ། རིགས་ཁོངས་ཀྱི་དམིགས་བསལ་ནུས་པ། ལས་ཁུངས་ཀྱི་ཞབས་ཞུ་འགན་ལེན་གྱི་ནུས་པ་བཅས་འདོན་སྤེལ་སྔར་ལས་ལྷག་པ་བྱེད་དགོས། “དཔུང་ཁག་གཉིས”འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་སྲིད་གྲོས་ཀྱི་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས། སྲིད་གྲོས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་སྟེ་མུ་མཐུད་ནས་སྤྱོད་ཚུལ་ལེགས་སྐྱོང་གཏིང་ཟབ་བྱེད་དགོས། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་དང་། མཐའ་ཚད་དང་དམར་ཐིག་བརྟན་པོར་སྲུང་བ། སྤྱོད་གཙང་རང་འདོམས་ཧུར་ཐག་བྱེད་པ། སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཨུ་ཡོན། སྲིད་གྲོས་ལས་བྱེད་པ་བཅས་ཀྱི་གཟུགས་བརྙན་བཟང་པོར་སྲུང་སྐྱོང་བཅས་བྱེད་དགོས། 
      ཏིང་ཡེ་ཤན་གྱིས་དུས་རབས་གསར་པར་འགན་འཁྲི་གསར་པ་འཁུར་ཕོད་པ་དང་ལས་དོན་གསར་པ་སྒྲུབ་ཐུབ་པ་བྱེད་དགོས། ང་ཚོས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་མཐུན་སྒྲིལ་འབད་འཐབ། ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ནས་དུས་རབས་གསར་པའི་བོད་ལྗོངས་སྲིད་གྲོས་ཀྱི་བྱ་གཞག་ལ་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་གྱི་བོད་ལྗོངས་ཀྱི་ལེའུ་བརྩམ་ཆེད་ལེགས་སྐྱེས་གསར་པ་ཕུལ་ཏེ། ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བ་དང་། མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་70འཁོར་བ། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བ། བོད་ལྗོངས་སྲིད་གྲོས་དབུ་བརྙེས་ནས་ལོ་60འཁོར་བ་བཅས་ལ་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད། 
     ཚོགས་ཆེན་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་གྲོལ་བ་རེད། 
     ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་མཁན་གྲས་སུ་ད་དུང་བསྟན་འཛིན་རྣམ་རྒྱལ་དང་། འོད་ཟེར། ཞུས་ཞུའེ་ཀོང་། ཅུས་ཅན་ཧྭ། ལི་ཝུན་ཧན། ཉི་མ་ཚེ་རིང་། ཅི་གོ་ཀང་། མཱ་ཧྲེང་ཁྲང་། ཝང་ཅུན། ཞུས་ཁྲེང་ཚང་། ལྕགས་རྭ་བློ་བཟང་བསྟན་འཛིན། རྡོ་རྗེ་ཚེ་གྲུབ། རྒྱལ་མཚན། དབང་ཧའེ་ཀྲོའུ། ཧྲེ་མོའུ་ཅུན། ཀྲང་ཡུང་ཙེ། ཀྲང་ཡན་ཆིང་། མོང་ཞའོ་ལིན། འཇམ་དཔལ། ལིའུ་གོ་རུང་། ཅཱ་ལི་གོ་སོགས་ཡོད་པ་རེད། 
     གདན་ཞུས་ལྟར་ད་རེས་ཀྱི་ཚོགས་འདུར་ཟུར་ཞུགས་གནང་མཁན་གྲས་སུ་བོད་དུ་བཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། ཨུ་ཡོན་མིན་པའི་ལྗོངས་སྲིད་གྲོས་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན། གྲོང་ཁྱེར(ས་ཁུལ)ཁག་གི་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡོད་པ་རེད།