འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་11ཉིན།

༄༅༎2018ལོར་ཀྲུང་གོའི་སྤྱི་དམངས་ལ་རྒྱལ་གྲོལ་ཐོངས་མཆན་མི་དགོས་པའི་དམིགས་ས་བཞི་མང་དུ་ཕྱིན་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་11ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན་གསར་འགོད་པར་ཕྱི་འབྲེལ་པུའི་ཁེ་སྐྱོང་ལས་དོན་གྱི་སྨྱན་སྦྱོར་བརྡ་གཏོང་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2018ལོར་རང་རྒྱལ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་། བྷོ་ཧེར། བྷེ་ཨུ་རུ་སུ། ཁ་ཐར་བཅས་རྒྱལ་ཁབ་བཞིའི་དབར་རྒྱལ་གྲོལ་ལམ་ཡིག་དཀྱུས་མ་འཁྱེར་མཁན་ལ་རྒྱལ་གྲོལ་ཐོངས་མཆན་མི་དགོས་པའི་གྲོས་ཆོད་བཞག་པས་ལོ་རེའི་ཟིན་ཐོ་གསར་པ་བཏོད་པ་རེད།
     ཕྱི་འབྲེལ་པུའི་ཁེ་སྐྱོང་སིའི་སི་ཀྲང་ཀུའོ་ཧྲའོ་ཁྲུན་གྱིས་བརྡ་གཏོང་ཚོགས་འདུའི་ཐོག་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དབར་རྒྱལ་གྲོལ་ཐོངས་མཆན་མི་དགོས་པའི་གྲོས་ཆོད་བཞག་པས། ལོ་རེར་ཨ་རབ་ཏུ་བསྐྱོད་མཁན་ཀྲུང་གོའི་ཡུལ་སྐོར་བ་ཁྲི་100ཙམ་དང་མཐའ་མཚམས་ནས་འགྲོ་འོང་བྱེད་མཁན་འགྲུལ་པ་ཁྲི་350ཙམ་ལ་ཕན་པ་ཐོབ་པ་དང་། གྲངས་ཀ་དེ་གཉིས་བསྣན་ཚེ་ནང་སའི་གྲོང་མིས་ཕྱི་རྒྱལ་དུ་སྐྱོད་པའི་ས་ཚིགས་དང་པོའི་མི་ཐེངས་ཀྱི་8.5%བཟུང་གི་ཡོད་ཅེས་བཤད་པ་རེད།
     “གླེང་རིན་ཡོད་པ་ཞིག་ནི་ཀྲུང་གོའི་ཡུལ་སྐོར་བ་མང་དུ་འགྲོ་བ་དང་བསྟུན་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་ཀྱིས་ཆེད་མངགས་ཀྲུང་གོར་ཕྱོགས་པའི་དུས་གཏན་གནམ་གྲུའི་ཐེངས་གྲངས་མང་དུ་གཏོང་དགོས་པའི་རེ་བ་བཏོན་ཡོད”ཅེས་ཀུའོ་ཧྲའོ་ཁྲུན་གྱིས་བཤད་པ་རེད།
     2022ལོའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གཉེར་མཁན་རྒྱལ་ཁབ་ཁ་ཐར་སྐོར་གླེང་སྐབས་ཀུའོ་ཧྲའོ་ཁྲུན་གྱིས་ཀྲུང་ཁ་རྒྱལ་ཁབ་གཉིས་དབར་རྒྱལ་གྲོལ་ཐོངས་མཆན་མི་དགོས་པའི་བྱེད་ཐབས་འདིས་ཀྲུང་གོའི་སྤོ་ལོ་དབྱིངས་པ་ཚོས་སྤོ་ལོ་ལྟ་བར་འགྲོ་རྒྱུར་སྟབས་བདེ་ཡོང་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
     ཀུའོ་ཧྲའོ་ཁྲུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཆ་རང་རྒྱལ་དང་རྒྱལ་ཁབ་14ཡི་དབར་ཕྱོགས་ཡོངས་ནས་རྒྱལ་གྲོལ་ཐོངས་མཆན་མི་དགོས་པ་མངོན་འགྱུར་བྱུང་བ་དང་། རྒྱལ་ཁབ་དང་ས་ཁུལ་15ཡིས་ཕྱོགས་རྐྱང་པས་ཀྲུང་གོའི་སྤྱི་དམངས་ལ་རྒྱལ་གྲོལ་ཐོངས་མཆན་མི་དགོས་པར་མཐའ་མཚམས་ནས་འཛུལ་བའི་ཐོབ་ཐང་སྤྲད་པ། རྒྱལ་ཁབ་དང་ས་ཁུལ་44ཡིས་ཕྱོགས་རྐྱང་པས་ཀྲུང་གོའི་སྤྱི་དམངས་ལ་གནས་འབྱོར་ཐོངས་མཆན་འགོད་པའི་སྟབས་བདེ་བསྐྲུན་ཡོད་པ་རེད། མིག་སྔར་རྒྱལ་གྲོལ་ལམ་ཡིག་དཀྱུས་མ་འཁྱེར་མཁན་ཀྲུང་གོའི་སྤྱི་དམངས་ཀྱིས་རྒྱལ་གྲོལ་ཐོངས་མཆན་མི་དགོས་པའམ་ཡང་ན་གནས་འབྱོར་ཐོངས་མཆན་འགོད་པའི་བྱེད་ཐབས་ཐོག་ནས་རྒྱལ་ཁབ་དང་ས་ཁུལ་72སུ་སྐྱོད་ཆོག་གི་ཡོད།
     རྒྱལ་གྲོལ་ཐོངས་མཆན་མི་དགོས་པའི་གྲོས་ཆོད་བཞག་པ་ཕུད། རང་རྒྱལ་གྱིས་ད་དུང་རྒྱལ་ཁབ་42དང་རྒྱལ་གྲོལ་ཐོངས་མཆན་གྱི་འགྲོ་ལུགས་སྟབས་བདེ་རུ་གཏོང་བའི་གྲོས་ཆོད་དང་བཀོད་སྒྲིག་71བྱས་ཡོད་པ་རེད། “ཀྲུང་གོའི་རྒྱལ་གྲོལ་ལམ་ཡིག་གི‘གོ་ཆོད་ཚད’མཐོ་རུ་གཏོང་རྒྱུ་ནི་སླད་ཕྱིན་དུས་སྐབས་ཤིག་རིང་ཀྲུང་གོའི་ཁེ་སྐྱོང་ལས་དོན་གྱི་དོན་གཉེར་བྱེད་ས་རེད”ཅེས་བཤད་པ་རེད།
     རྒྱལ་སྤྱིའི་རྒྱུན་སྲོལ་གཞིར་བཟུང་། རྒྱལ་གྲོལ་ཐོངས་མཆན་ཕྱོགས་གཉིས་ཀར་མི་དགོས་པ་དང་། ཕྱོགས་རྐྱང་པས་རྒྱལ་གྲོལ་ཐོངས་མཆན་མི་དགོས་པ་བཟོ་བ། གནས་འབྱོར་ཐོངས་མཆན་བཀོད་པ་བཅས་སྤྱིར་ན་དུས་ཐུང་རྒྱལ་མཚམས་སྒྲོལ་མཁན་ཚོར་འཚམ་པོ་ཡོད། ཀུའོ་ཧྲའོ་ཁྲུན་གྱིས་འབྲེལ་ཡོད་རྒྱལ་ཁབ་ཏུ་ཡུན་རིང་ལས་ཀ་བྱེད་པ་དང་། འཚོ་བ་སྐྱེལ་བ། སློབ་སྦྱོང་བྱེད་པར་འགྲོ་མཁན་གྱི་ཀྲུང་གོའི་སྤྱི་དམངས་ཡིན་ཚེ་འབྲེལ་ཡོད་རྒྱལ་ཁབ་ཀྱི་རྒྱལ་གྲོལ་ཐོངས་མཆན་གྱི་སྲིད་ཇུས་ལ་ཡིན་ཅིག་ལྟ་དགོས། རྒྱལ་མཚམས་ནས་འཛུལ་སྐབས་ཀྲུང་གོ་དང་འབྲེལ་ཡོད་རྒྱལ་ཁབ་ཀྱི་རྒྱལ་གྲོལ་ཐོངས་མཆན་མི་དགོས་པའི་གྲོས་མཐུན་དང་ཕྱོགས་རྐྱང་པས་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པ་བཟོ་བའི་སྟབས་བདེ་ཅན་གྱི་བྱེད་ཐབས་དང་མི་ནོར་བ་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།