འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་10ཉིན།

༄༅།།སློབ་གསོ་པུའུ་ཡིས་སློབ་ཕྱིའི་གསོ་སྦྱོང་ལས་ཁུངས་ཐད་ཀྱི་ཆེད་དོན་བཅོས་སྐྱོང་དང་དག་ཐེར་བྱ་བ་གཞི་རྩའི་
ཆ་ནས་ལེགས་འགྲུབ་བྱུང་ཡོད་པར་བརྗོད། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་10ཉིན། 14:51】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་9ཉིན། སློབ་གསོ་པུའུ་ཡི་དྲ་ཚིགས་སྟེང་གནས་ཚུལ་སྤེལ་བར་གཞིགས་ན། ས་ཆ་སོ་སོས་འབད་བརྩོན་འོག  སློབ་ཕྱིའི་གསོ་སྦྱོང་ལས་ཁུངས་ལ་ཆེད་དོན་བཅོས་སྐྱོང་དང་དག་ཐེར་བྱ་བ་མིག་སྔར་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱུང་ཡོད་པར་བརྗོད། 
     ཤེས་རྟོགས་བྱུང་གསལ་ལྟར་ན། ལས་དོན་གྱི་གྲངས་གཞི་བདེན་པ་དང་ཡང་དག་ཡིན་པ་ཁག་ཐེག་བྱ་ཆེད། སློབ་གསོ་པུའུ་ཡིས་ཉེ་ཆར་རྒྱལ་ཡོངས་ཀྱི་ཞིང་ཆེན་26ཕན་ཚུན་བསྣོལ་ནས་དག་ཐེར་བཅོས་སྐྱོང་གི་གནས་ཚུལ་ཞིབ་བཤེར་བྱ་རྒྱུ་བཀོད་སྒྲིག་བྱས་པ་དང་། དུས་མཉམ་དུ། ལས་དོན་ཚོགས་ཆུང་ཧོ་པེ་དང་ཧྲན་ཞི། ཅང་ཞི། ཧྲན་ཏུང། སི་ཁྲོན། ཀུའེ་ཀྲོའུ་བཅས་ཞིང་ཆེན་6ལ་མངགས་ནས། བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། གསོ་སྦྱོང་ལས་ཁུངས་ཀྱི་ཡུལ་དངོས་ལ་བསྐྱོད་ནས་བཅོས་སྐྱོང་བྱས་པའི་གནས་ཚུལ་ཞིབ་ཕྲར་རྒྱུས་ལོན་བྱས་པ་མ་ཟད། “སྐབས་བསྟུན་ཟུང་”(མིང་ཐོའི་ནང་ནས་སྐབས་བསྟུན་གྱིས་འདེམས་པ་དང་། ལྐོག་ནས་བཅར་འདྲི་བྱས་ཏེ་སྐབས་བསྟུན་འདེམས་པ)གི་འཐེན་བཤེར་ཐབས་ཤེས་སྤྱད་ནས་ཞིང་ཆེན་སོ་སོའི་སློབ་ཕྱིའི་གསོ་སྦྱོང་ལས་ཁུངས་ལ་བཅོས་སྐྱོང་དང་དག་ཐེར་བྱས་པའི་གྲངས་གཞི་ལ་ཞིབ་བཤེར་བྱས་ཡོད།
      དེང་སྐབས་ས་ཆ་ཁ་ཤས་སུ་བཅོས་སྐྱོང་གོ་རིམ་ཁྲོད་དུ་གྲངས་གཞིའི་འགྱུར་ལྡོག་དུས་ཐོག་ཏུ་གསར་སྒྱུར་མི་བྱེད་པ་དང་། གྲབས་ཐོ་འགོད་པ་དང་ཡོངས་བསྒྲགས་ལམ་ལུགས་དོན་ཐོག་ཏུ་མི་འཁྱོལ་བ། ལྟ་སྐུལ་ཐེར་འདོན་གྱི་ལམ་སྲོལ་འཐུས་ཚང་མིན་པ། སྟེགས་བུའི་ཆ་འཕྲིན་བསྡུ་རུབ་ཀྱི་འགྲོས་ཚད་དལ་བ་སོགས་ཀྱི་གནད་དོན་ལ་དམིགས་ནས། སློབ་གསོ་པུའུ་ཡིས། སློབ་ཕྱིའི་གསོ་སྦྱོང་ལས་ཁུངས་ཀྱི་ཆེད་དོན་བཅོས་སྐྱོང་གི་གྲངས་གཞི་ཞིབ་བཤེར་བྱེད་པའི་བྱ་བ་ཧ་ཅང་གལ་ཆེ་ཞིང་། ས་ཆ་སོ་སོས་ལྟ་སྐུལ་ཞིབ་བཤེར་ནན་མོ་བྱས་ཏེ། དངོས་ཐོག་དོན་འཚོལ་ཡིན་པ་ཁག་ཐེག་དང་། མི་བདེན་རྫུན་སྒྲིག་ལ་བཀག་འགོག་ནན་པོ་བྱེད་དགོས་པ། མང་ཚོགས་དང་སྨྱན་སྦྱོར་གྱི་ལྟ་སྐུལ་བརྒྱུད་ལམ་ཤར་བགྲོད་ཡོང་བར་བྱེད་པ་དང་། ཁུངས་སྣེ་ལ་གཞིགས་ནས་འབྲེལ་ཡོད་གནད་དོན་ལ་ཞིབ་བཤེར་ནན་མོ་བྱེད་པ། འབྲེལ་ཡོད་འགན་འཁྲི་བདའ་འདེད་བྱེད་པ།  གཅིག་ཤེས་ཀུན་གྲོལ་གྱིས་སྐྱོན་ཆ་སེལ་ཐབས་བཅས་བྱས་ནས།  འབྲེལ་ཡོད་ལས་དོན་ལམ་ལུགས་ཀྱི་མ་ལག་མུ་མཐུད་དུ་འཐུས་ཚང་གཏོང་དགོས་པ་ནན་གྱིས་བཤད་ཡོད།