འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་8ཉིན།

༄༅༎སྔོན་ཆད་ཀྱི“གྲོང་ཚོ་སྟོང་པ”ད་ཆའི“དྲ་ཐོག་གི་མིང་ཅན་གྲོང་ཚོར”གྱུར་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་08ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     གཙོ་གནད་གྲོང་ཚོ་དབུལ་པོ་ཞིག་དུས་ཐུང་ལོ་གཉིས་རིང“སྣོད་བཅུད་སྡོད་མལ་ལ་འཚམ་པའི་ཡུལ་སྐོར་གྲོང་གསེབ”ཀྱི་དཔེ་སྟོན་ས་ཚིགས་སུ་གྱུར་པ་མ་ཟད། ཞིང་ཆེན་རིམ་པའི་གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་དཔེ་སྟོན་གྲོང་ཚོར་ཡང་བསྒྱུར་ཏེ། སྔོན་ཆད་ཀྱི“གྲོང་ཚོ་སྟོང་པ”ད་ཆ“དྲ་ཐོག་གི་མིང་ཅན་གྲོང་ཚོར”གྱུར་ཡོད། ཀྲོང་ཁོ་གྲོང་ཚོར་བྱུང་བའི་འཕོ་འགྱུར་དེ་དག་ནི་ས་གནས་དེ་གའི་གྲོང་མིས“རི་ཁའི་ལྟོ་རྟེན་རི་དང་ཆུ་ཁའི་ལྟོ་རྟེན་ཆུ་ཡིན”ཞེས་པར་ཚོད་ལྟ་ཟབ་མོ་བྱས་པ་ཞིག་རེད།
     གྲོང་གསེབ་ཀྱི་ཡུལ་སྐོར་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཐབས་ལམ་གསར་པར་གྱུར་པ།
     མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཕིང་ཨན་རྫོང་སན་ཧོ་གྲོང་རྡལ་གྱི་ཀྲོང་ཁོ་གྲོང་ཚོ་ནི་མཐོ་གྲང་ཁུལ་དུ་གནས་པ་དང་ཞིང་ལས་ཐོན་སྐྱེད་ཀྱི་རྨང་གཞིའི་སྒྲིག་བཀོད་རྗེས་སུ་ལུས་པ་དང་། འདེབས་འཛུགས་ཀྱི་གྲུབ་ཆ་རྐྱང་པ་ཡིན་པ། དཔལ་འབྱོར་གྱི་ཕན་འབྲས་མངོན་གསལ་དོད་པོ་མེད་པ་བཅས་ལས། གྲོང་མིའི་ཡོང་འབབ་ཡོང་ཁུངས་ཉུང་བས་གྲོང་མི་མང་པོ་ཞིག་ཕྱིར་གླ་པར་སྐྱོད་ཀྱི་ཡོད་སྟབས། ཉེ་རིང་གང་སར་སྐད་གྲགས་ཆོད་པའི་“གྲོང་ཚོ་སྟོང་པ”ཞིག་ཏུ་གྱུར།
     2015ལོར་གཞི་ནས་གནས་བབ་དེར་འགྱུར་ལྡོག་འགྲོ་འགོ་ཚུགས་པ་དང་ས་གནས་དེ་གའི་སྲིད་གཞུང་གིས་གྲོང་མིའི་སྣེ་འཁྲིད་དེ་བསམ་བློར་འགྱུར་ལྡོག་ཡོང་བ་བྱས་ཡོད། འགྲིམ་འགྲུལ་སྟབས་བདེ་མེད་ལ་མཐོ་གྲང་ཁུལ་ཡིན་རུང་། ཞ་ཆུན་ནགས་ཚལ་སྤྱི་གླིང་དང་ཐག་ཉེ་པོ་ཡོད་པས། རི་བོའི་འདབས་དང་ཆུ་བོའི་འགྲམ་དུ་གནས་པ་མ་ཟད། རྩྭ་རྩི་ཤིང་སྣ་ཚོགས་ཡོད་སྟབས། གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུ་དེ་ཀྲོང་ཁོ་གྲོང་ཚོ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་ཐབས་མཆོག་ཏུ་གྱུར་ཡོད།
     ཀྲོང་ཁོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིས་གྲོང་མིའི་སྣེ་འཁྲིད་དེ་ཁྱད་ལྡན་མེ་ཏོག་ནང་འདྲེན་བྱས་ནས་བཏབ་པ་དང་། གྲོང་མིར་སྨན་རྒྱུའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུའི་ལྕག་སྐུལ་བྱས་པ། སྲོལ་རྒྱུན་གྱི་ཞིང་ལས་སྐྱེ་དངོས་འདེབས་ཁྱོན་ཆེ་རུ་བཏང་བ་བཅས། “སྔོག་འཐུ་དང་། ཡུལ་སྐོར། ཞག་སྡོད”བཅས་གཞི་གཅིག་ཅན་གྱི་གྲོང་གསེབ་ཡུལ་སྐོར་རྣམ་གྲངས་ཤིག་འཕེལ་རྒྱས་བཏང་བ་རེད།
     ཧྲུའུ་ཅི་དང་པོ་ཀྲང་ཧྲེང་ཅེས“2017ལོར་ང་ཚོས‘གནད་སྨིན་དབུལ་སྐྱོར’གྱི་སྲིད་ཇུས་བཟང་པོར་བརྟེན་ནས་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་དང་། དམངས་སྲོལ་དམངས་ཁྱིམ་མྱོང་རོལ་ཁུལ་དང་། པད་མས་བརྒྱན་པའི་གྲོང་རྡལ་ཆུང་ངུའི་མཛེས་ལྗོངས་ཁུལ། ཞིང་ཁྱིམ་འཚོ་བའི་མྱོང་རོལ་ཁུལ་བཅས་གཅིག་ཏུ་འདུས་པའི‘ལྟེ་གནས་གཅིག་དང་ཁུལ་གསུམ’གྱི་གྲོང་གསེབ་ཡུལ་སྐོར་མཛེས་ལྗོངས་ཁུལ་གཏོད་འགོ་བཙུགས་པ་ཡིན”ཞེས་བཤད།
     དེ་དང་དུས་མཚུངས་གྲོང་མིར་ཞིང་ཁྱིམ་སྒོ་ར་སྟོབས་ཆེར་གཏོང་དགོས་པའི་ལྕག་སྐུལ་བྱས་ཏེ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོས་གླ་པ་རྒྱུག་པ་དང་། མ་རྐང་ནང་ཞུགས་པ། ཁེ་སྤོགས་བགོ་བཤའ་རྒྱག་པ་སོགས་རྣམ་པ་མི་འདྲ་བའི་ཐོག་ནས་གྲོང་གསེབ་དར་རྒྱས་ནང་ཞུགས་པས་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2015ལོའི་སྒོར་3660ནས་2017ལོའི་སྒོར་7355བར་མང་དུ་ཕྱིན་ཡོད་པ་རེད།
     གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་ཕན་འབྲས་རགས་ཙམ་ཐོན་པ།
     རི་གྲོང་དབུལ་པོར་ཡུལ་སྐོར་གཉེར་སྐབས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་འགག་གནད་གཅིག་རེད།
     སན་ཧོ་ཧྲེང་ཞིང་ལས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཝང་ཤའོ་ཀྲུང་གིས་ཀྲོང་ཁོ་གྲོང་ཚོ་དང་མཉམ་ལས་བྱས་ནས་ཡུལ་སྐོར་རྣམ་གྲངས་གསར་སྤེལ་བྱས་ཏེ་གྲོང་ཚོ་རིམ་པའི་དཔལ་འབྱོར་མཉམ་ལས་ཁང་གཉེར་ཞིང་། ཀུང་སིས་2018ལོ་ནས་2020ལོ་བར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་27གྱི་མི་78ལ་མི་རེར་ཆ་སྙོམས་ལོ་རེར་འཚོ་བའི་ཁ་གསབ་སྒོར་1200སྤྲོད་རྒྱུ་དང་། ལོ་རེར་གྲོང་ཚོའི་མཉམ་སྡེབ་ཀྱི་སྤྱི་ཕན་རང་བཞིན་གྱི་བྱ་གཞག་ལ་ཁ་གསབ་སྒོར་ཁྲི་4.68སྤྲོད་རྒྱུའི་གཏན་འཁེལ་བྱས་ཡོད། ད་དུང་དུད་ཚང་རེ་ནས་ཉུང་མཐར་ཡང་ལས་མི་གཅིག་བསྡུ་བའི་དམིགས་ཚད་གཞིར་བཟུང་ཡིག་ཚགས་དང་གཱ་བཟོས་པའི་དབུལ་སྒྲོལ་ཁྱིམ་ཚང་གི་ནང་མིར་ལས་གནས་བརྟན་པོ་ཞིག་སྤྲད་དེ་མང་ཚོགས་ལ་འབབ་འཕར་བརྟན་པོ་ཡོང་བའི་འགན་ལེན་བྱེད་ཀྱི་ཡོད་པ་རེད།
     2019ལོར་སླེབས་སྐབས་གྲོང་ཚོ་རིམ་པའི་དཔལ་འབྱོར་མཉམ་ལས་ཁང་ཚད་ལྡན་ངང་འཁོར་སྐྱོད་ཐུབ་རྗེས་མ་རྐང་གི་ཡོང་འབབ་བགོ་བའི་བསྡུར་ཚད་གཞིར་བཟུང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་2018ལོར་སྒོར་ཁྲི་5ཡི་ཟིན་ཐོ་གསར་པ་བཏོད་པ་ནས་སྒོར་ཁྲི་14.36ཟིན་པ་བྱ་རྒྱུ་རེད། གཞན་ཡང་ཡུལ་སྐོར་རྟེན་གཞིར་ལས་ཀ་བྱས་ན་གྲོང་མི་ཚོར་ཡོང་འབབ་རག་གི་ཡོད་པ་རེད།
     མཐའ་འཁོར་གྲོང་ཚོའི་གྲོང་མི་མཉམ་དུ་ཕྱུར་འགྱུར་ཡོང་བ་བྱས་པ།
     ཀྲོང་ཁོ་གྲོང་ཚོ་ལྟེ་གནས་སུ་བྱས་ནས་ཅའོ་ཏུང་དང་། ཧྥན་ཧྲེན། པང་ཡེ་ལུང་སོགས་མཐའ་འཁོར་གྲོང་ཚོར་བཟའ་སྣུམ་ཐད་སྤྱོད་པའི་ཤིང་པད་མ་འདེབས་འཛུགས་དང་ལས་སྣོན་ཞིབ་ཚགས་ཀྱི་ཐོན་ལས་འཕེལ་རྒྱས་བཏང་སྟེ་ཀྲུང་ཅ་དང་། ཤིན་ཨན། དབན་ཙེ་བཅས་དང་དེ་བཞིན་སི་ཐའེ་གྲོང་ཚོས་གཞི་ཁྱོན་ལྡན་པའི་ཞོག་ཁོག་འདེབས་འཛུགས་བྱས་པས་མཐའ་འཁོར་གྲོང་ཚོའི་ཞིང་ལས་སྐྱེ་དངོས་ཀྱི་ཐོན་ལས་བཀོད་པ་ཕྱོགས་ཡོངས་རིམ་སྤོར་བྱུང་བ་དང་། ཝ་ཅའོ་ཐའེ་གྲོང་ཚོས་ཞིང་པའི་སྤྲོ་སྐྱིད་ཁང་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུར་སྐུལ་ཁྲིད་ཐུབ་སྟེ“སྣོད་བཅུད་དང་། ཐོན་ལས། ཡུལ་སྐོར”བཅས་ཟུང་འབྲེལ་གྱི་རྣམ་པ་ཆགས་བཞིན་ཡོད་པ་རེད།
     ཡུལ་སྐོར་ལས་རིགས་རྒྱུན་ཆད་མེད་པར་རྒྱ་སྟོབས་ཆེ་རུ་བཏང་བ་དང་དུས་མཚུངས་གྲོང་ཚོ་རིམ་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཡང་ཉིན་རེའི་གྲོས་རིམ་ནང་བཅུག་ཡོད། 2016ལོར་གྲོང་ཚོའི་ཏང་ཀྲི་པུས་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱས་ནས་མ་དངུལ་སྒོར་ཁྲི་76བརྩོན་ལེན་བྱས་ཏེ་ཀྲོང་ཁོ་གྲོང་ཚོར་བསྐྱོད་སའི་སྨི་3800ཡོད་པའི་ཨར་འདམ་གཞུང་ལམ་བསྐྲུན་པ་དང་། མ་དངུལ་སྒོར་ཁྲི་9བརྩོན་ལེན་བྱས་ནས་སྨི་3000ཡོད་པའི་གཞུང་ལམ་སྔོ་ལྗང་ཅན་དུ་འགྱུར་ཐབས་བྱས་པ། མ་དངུལ་སྒོར་ཁྲི་150བཏང་ནས་གྲོང་ཚོ་ཧྲིལ་པོའི་གློག་དྲ་སྨི་2800ཙམ་སྒྱུར་བཀོད་བྱས་པ། མ་དངུལ་སྒོར་ཁྲི་2.8བཏང་ནས་གྲོང་ཚོ་རིམ་པའི་ཏང་ཡོན་བྱེད་སྒོ་ཁང་ཉམས་བཟོ་བྱས་པ་བཅས་རེད།
     “དེ་སྔའི‘གྲོང་སྟོང་པར’འཕོ་འགྱུར་ཆེན་པོ་བྱུང་སྟེ་ཁྱིམ་གྱི་སྒོ་རྩ་ནས་ཕྱུག་པོ་ཆགས་ཡོད། ད་ཆ་དེ་ཉིད་གཞོན་ནུ་མང་པོའི་གདམ་གར་གྱུར་ནས་ང་ཚོ་ཀྲོང་ཁོ་གྲོང་ཚོའི་གྲོང་མིའི་བསམ་བློར་འགྱུར་ལྡོག་བྱུང་ནས་ཕྱུག་འགྱུར་ཐབས་ལམ་འཚོལ་ཐུབ་པ་མ་ཟད། ད་དུང་མཐའ་འཁོར་གྱི་གྲོང་མི་ཡང་མཉམ་དུ་ཕྱུར་འགྱུར་ཡོང་བའི་སྐུལ་ཁྲིད་ཐུབ་ཡོད”ཅེས་ལི་ཤན་ཅིང་གིས་བཤད་པ་རེད།