འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་8ཉིན།

༄༅༎དཔྱིད་གསར་སྐྱེལ་འདྲེན་སླེབས་ཉེའི་སྐབས་ཁྲེང་ཏུའུ་དང་ཁྲུང་ཆིང་ནས་ལྷ་ས་བར་གྱི་
གནམ་གྲུའི་སྤ་སེའི་རིན་གོང་དམའ་ཤོས་བརྒྱ་ཆ་དགུ་བཅུ་བར་གཅོག་རྒྱུ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་08ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། 2019ལོའི་དཔྱིད་གསར་དུས་ཆེན་སླེབས་ཉེའི་སྐབས་བོད་དུ་གླ་པར་ཡོང་མཁན་མང་པོ་ཞིག་རིམ་བཞིན་སྤ་སེ་ཉོས་ནས་ཕ་ཡུལ་དུ་ལོ་གསར་གཏོང་བར་འགྲོ་བའི་གྲ་སྒྲིག་བྱེད་བཞིན་ཡོད། 2019ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་དུས་ཚོད་ནི་2019ལོའི་ཟླ་1ཚེས་21ཉིན(རྒྱ་ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག)ནས་འགོ་བཙུགས་ཏེ་2019ལོའི་ཟླ་3ཚེས་1ཉིན(རྒྱ་ཟླ་དང་པོའི་ཚེས་ཉེར་ལྔ་ཉིན)མཇུག་འགྲིལ་རྒྱུ་རེད། འོན་ཀྱང་གསར་འགོད་པས་དྲ་ཚིགས་12306ལ་ལྟ་སྐབས་སྔོན་འཚོང་དུས་ཀྱི་ལྷ་ས་ནས་པེ་ཅིང་དང་། ཀྲེང་ཀྲོའུ། ལན་ཀྲོའུ། ཟི་ལིང་སོགས་སུ་སྐྱོད་པའི་མེ་འཁོར་གྱི་སྤ་སེ་སྤྱིར་ན་བཙོངས་ཟིན་པ་དང་། ས་ཆ་ཁ་ཤས་སུ་སྐྱོད་པའི་རྐུབ་སྟེགས་དཀྱུས་མ་ཉུང་ཤས་ལས་ལྷག་མེད། གཞན་ཡང་བོད་ནས་ཕྱིར་སྐྱོད་པའི་གནམ་གྲུའི་སྤ་སེའང་ཧ་ཅང་དཀོན་པོ་ཡོད་པ་སྟེ། ལྷ་ས་ནས་ཁྲེང་ཏུའུ་དང་། ཁྲུང་ཆིང་། པེ་ཅིང་སོགས་སུ་སྐྱོད་པའི་གནམ་གྲུའི་སྤ་སེར་དཔྱིད་གསར་དུས་ཆེན་གོང་རིན་གོང་ཆ་ཚང་སྤྲོད་དགོས་ཀྱི་ཡོད།
     འགྲུལ་པས་སྤ་སེ་ཉོ་སྐབས་སྤ་སེ་འཚོང་བའི་དུས་ཚོད་ལ་དོ་སྣང་བྱེད་དགོས།
     དྲ་སྦྲེལ་ཐོག་སྤ་སེ་འཚོང་བའི་དུས་ཚོད་ཚོད་དཔག་བྱས་ན། རྒྱ་ཆེའི་འགྲུལ་པས་ཟླ་1ཚེས་6ཉིན་ལོ་གསར་གནམ་གང(ཟླ་2ཚེས་4ཉིན)གི་མེ་འཁོར་སྤ་སེ་ཉོ་ཆོག་པ་དང་། ཟླ་1ཚེས་7ཉིན་དཔྱིད་གསར་དུས་ཆེན(ཟླ་2ཚེས་5ཉིན)གྱི་མེ་འཁོར་སྤ་སེ་ཉོ་ཆོག་པ། ཟླ་1ཚེས་12ཉིན་རྒྱ་ཟླ་དང་པོའི་ཚེས་དྲུག(ཟླ་2ཚེས་10ཉིན)གི་མེ་འཁོར་སྤ་སེ་ཉོ་ཆོག ཟླ་1ཚེས་30ཉིན་དཔྱིད་གསར་སྐྱེལ་འདྲེན་གྱི་མཐའ་མཇུག་ཉིན་མོ་ཟླ་3ཚེས་1ཉིན་གྱི་མེ་འཁོར་སྤ་སེ་ཉོ་ཆོག མིག་སྔའི་བར་རྒྱ་ཆེའི་འགྲུལ་པས་དྲ་ཚིགས་12306དང་། ཁ་པར་95105105 ཡང་ན་བོད་ཀྱི་མེ་འཁོར་བབས་ཚུགས་ཁག མེ་འཁོར་སྤ་སེ་ཚབ་འཚོང་ཁང་བཅས་ནས་མེ་འཁོར་སྤ་སེ་ཉོ་ཆོག དྲ་སྦྲེལ་དང་ཁ་པར་ནས་སྤ་སེ་ཚོང་བའི་དུས་ཚོད་ཉིན་30སྔ་སྣུར་བྱེད་པ་དང་། མེ་འཁོར་སྤ་སེ་ཕྱིར་ཚོང་སྐར་ཁུང་ངམ་ཡང་ན་མེ་འཁོར་སྤ་སེ་ཚབ་འཚོང་ས་ཚིགས་ཀྱི་སྤ་སེ་ཚོང་བའི་དུས་ཚོད་ཉིན་28སྔ་སྣུར་བྱེད་ཀྱི་ཡོད། ཚེས་1ཉིན་གསར་འགོད་པས་དྲ་ཚིགས་12306ལ་ལྟ་སྐབས་ལྷ་ས་ནས་ཁྲེང་ཏུའུ་དང་། ཁྲུང་ཆིང་། ལན་ཀྲོའུ་སོགས་ཁ་ཕྱོགས་སུ་སྐྱོད་པའི་མེ་འཁོར་སྤ་སེ་སྤྱིར་ཚང་མ་བཙོངས་ཟིན་པ་དང་དེ་མིན་གྱི་དུས་ཚོད་ཁ་ཤས་ཀྱི་རྐུབ་སྟེགས་དཀྱུས་མའི་སྤ་སེ་ཁ་ཤས་ལས་ལྷག་མེད། ལྷ་ས་བབས་ཚུགས་ཀྱི་དྲ་སྦྲེལ་ལམ་ཡང་ན་ཁ་པར་གྱི་སྤ་སེ་འཚོང་བའི་དུས་ཚོད་ཉིན་ལྟར་གྱི་ཕྱི་དྲོའི་ཆུ་ཚོད་3པར་ཡིན་པ་རེད། རྒྱ་ཆེའི་གྲོང་མིས་དྲ་སྦྲེལ་ནས་མེ་འཁོར་སྤ་སེ་ཉོ་བསམ་ཚེ་ངེས་པར་དུ་སྤ་སེ་ཧབ་ཐོབ་རྒྱག་པའི་དུས་ཚོད་ལ་དོ་སྣང་བྱེད་དགོས། སྤ་སེ་ཉོ་མཁན་འགྲུལ་པ་མང་བས་དྲ་སྦྲེལ་ཐོག་གི་སྤ་སེ་ཆུ་ཚོད་ཕྱེད་ཀའི་ནང་ཚང་མ་ཉོས་ཟིན་གྱི་ཡོད།
     དཔྱིད་གསར་དུས་ཆེན་གོང་བོད་དུ་ཡོང་བའི་གནམ་གྲུའི་སྤ་སེའི་རིན་གོང་ཧ་ཅང་ཁེ་པོ་ཡོད་པ།
     མེ་འཁོར་གྱི་སྤ་སེ་ཕུད་བོད་ནས་འགྲོ་བའི་གནམ་གྲུའི་སྤ་སེའང་དཀོན་ཙམ་ཡོད། ཚེས་1ཉིན་གསར་འགོད་པར་ཞེ་ཁྲེང་དང་ཧྥེ་ཀྲུའུ་སོགས་གནམ་གྲུའི་སྤ་སེ་ཉོ་བའི་མཉེན་ཆས་ལས་ཤེས་རྟོགས་བྱུང་བར། 2019ལོའི་དཔྱིད་གསར་དུས་ཆེན་གོང་ལྷ་ས་ནས་ཁྲེང་ཏུའུ་དང་། ཁྲུང་ཆིང་། ཀྲེང་ཀྲོའུ། ཧྲང་ཧའེ་སོགས་སུ་བསྐྱོད་པའི་གནམ་གྲུའི་སྤ་སེར་སྤྱིར་ན་རིན་གོང་ཆ་ཚང་སྤྲོད་དགོས་པ་དང་། གལ་ཏེ་འགྲུལ་པས་སྔོན་ཚུད་ནས་མ་ཉོས་ན་འགྲོ་ཁར་དེ་ཉིན་མཁོ་བའི་གནམ་གྲུའི་སྤ་སེ་རག་གི་མེད་པ་རེད། ཡིན་ནའང་བོད་དུ་ཡོང་བའི་གནམ་གྲུའི་སྤ་སེ་སྔར་བཞིན་འབེལ་པོ་ཡོད་པ་དང་། དཔྱིད་གསར་དུས་ཆེན་གོང་ཁྲེང་ཏུའུ་དང་ཁྲུང་ཆིང་ནས་ལྷ་ས་བར་གྱི་གནམ་གྲུའི་སྤ་སེར་རིན་གོང་གི་བརྒྱ་ཆ་དགུ་བཅུ་ནས་བརྒྱད་བཅུ་བར་གཅོག་གི་ཡོད་པས། ཁྲེང་ཏུའུ་ནས་ལྷ་ས་བར་གྱི་གནམ་གྲུའི་སྤ་སེར་སྒོར་300ལྷག་ཙམ་ཡིན་པ་རེད།