འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་7ཉིན།

༄༅༎ཟི་ལིང་གི་འགྱིག་བལ་གྲོང་ཁྱེར་འཛུགས་སྐྲུན་ལ་རིམ་བཞིན་ཕན་འབྲས་ཐོན་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་07ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། “ད་ཆ་ཁུལ་ཆུང་གི་ཁོར་ཡུག་ལེགས་སུ་ཕྱིན་པ་དང་གང་སར་སྤང་ལྗོངས་མཐོང་རྒྱུ་ཡོད་པས་སྐྱེད་ཚལ་དང་གཉིས་སུ་མ་མཆིས། ང་ཚོས་སྒོ་རའི་ནང་གཟུགས་པོར་སྦྱོང་བརྡར་བྱེད་ཆོག དེ་ནི་དེ་སྔོན་བསམ་བློར་འཁོར་མྱོང་མེད”ཅེས་ཞོགས་པ་སྔ་མོ་ནས་ལུས་སྦྱོང་བྱས་ཟིན་པའི་རྒད་པོ་ལི་ཧུང་ཤིན་གྱིས་དགའ་ཚོར་ཆེན་པོས་གསར་འགོད་པར་བཤད།
     རྒད་པོ་ལི་ལགས་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྲོང་བྱང་ཆུས་ཙོང་ཆུ་མེ་ཏོག་ལྡུམ་རར་སྡོད་ཀྱི་ཡོད་ཅིང་། དཔེ་མཚོན་གྱི་ཁུལ་ཆུང་རྙིང་པ་དེར་དེ་སྔ་རྨང་གཞིའི་སྒྲིག་བཀོད་ཞན་པ་དང་ས་འོག་མདོང་ལམ་རྙིང་པ་ཆགས་ཏེ་ཆར་དུས་སུ་རྟག་ཏུ་ཁུལ་ཆུང་དུ“འཁྱིལ་ཆུ”ཆགས་ཀྱི་ཡོད།
     “དེ་སྔ་ཆར་པ་ཆེན་པོ་བབས་རིམ་བཞིན་ཁུལ་ཆུང་དུ་ཆུ་མང་པོ་འཁྱིལ་ཏེ་སྒོ་ཁར་མ་སླེབས་གོང་ལྷམ་རློན་པ་ཆགས་ཀྱི་ཡོད། རྗེས་སུ་ཐབས་ཤེས་མེད་པས་ང་ཚོས་རྐང་པར་འགྱིག་ཤོག་གྱོན་ནས་འགྲོ་ཡི་ཡོད”ཅེས་རྒད་པོ་ལི་ལགས་ཀྱིས་དེ་སྔའི་གནས་ཚུལ་དྲན་གསོ་བྱེད་བཞིན་བཤད།
     ཟི་ལིང་གི་འགྱིག་བལ་གྲོང་ཁྱེར་འཛུགས་སྐྲུན་གྱི་གཙོ་གནད་ཁོངས་གཏོགས་ཀྱི་གྲས་ཤིག་ཡིན་པའི་ངོས་ནས་2018ལོའི་ཟླ་4པར་ཙོང་ཆུ་མེ་ཏོག་ལྡུམ་རའི་ཁུལ་ཆུང་ལ་ཁོངས་གཏོགས་གཅིག་པའི་ཁུལ་ཆུང་རྙིང་པ་བདུན་དང་མཉམ་དུ་འགྱིག་བལ་ཅན་གྱི་སྒྱུར་བཀོད་བྱེད་འགོ་ཚུགས།
     “ང་ཚོས་ཆར་ཆུ་གཅིག་སྡུད་དང་། བེད་སྤྱོད། བཤངས་འབུད་བཅས་ཀྱི་མ་ལག་ཁེར་རྐྱང་དུ་བསྐྲུན་པ་མ་ཟད་ད་དུང་ས་འོག་མདོང་ལམ་ཡང་ལེགས་སུ་བཏང་སྟེ་ཆར་ཆུ་དང་བཙོག་ཆུ་སོ་སོར་ཕྱེ་བ་དང་། མདོང་ལམ་གྱི་མཇུག་ཏུ་ཆུ་གསོག་རྫིང་བུ་བསྐྲུན་ནས་ཆར་ཆུ་བསགས་ཏེ་སྤང་ལ་རྒྱག་གི་ཡོད”ཅེས་ཟི་ལིང་གྲོང་ཁྱེར་གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་འཛུགས་སྐྲུན་ཅུས་འགྱིག་བལ་གྲོང་ཁྱེར་འཛུགས་སྐྲུན་དོ་དམ་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཧྲེན་མིན་གྱིས་བཤད་ཅིང་། ཁོང་གིས་འབྱུང་རྩ་ནས་བཙོག་འབུད་ཉུང་གཏོང་དང་། བརྒྱུད་རིམ་ལ་ཚོད་འཛིན། མཇུག་གི་ཆུ་གསོག་སྙོམས་སྒྲིག་བཅས་གསུམ་ཀ་མཉམ་དུ་བྱས་པས། ཙོང་ཆུ་མེ་ཏོག་ལྡུམ་རའི་ཁུལ་ཆུང་གནས་སའི་ཁོངས་གཏོགས་སུ་འགྱིག་བལ་ཅན་གྱི་མ་ལག་ཆ་ཚང་ཞིག་ཆགས་ཡོད་ཅེས་བཤད།
     རྒྱལ་ཡོངས་ཀྱི་འགྱིག་བལ་གྲོང་ཁྱེར་འཛུགས་སྐྲུན་གྱི་ཚོད་ལྟའི་གྲོང་ཁྱེར་ཁག་གཉིས་པའི་གྲས་ཀྱི་ཟི་ལིང་གྲོང་ཁྱེར་དུ་2016ལོའི་ཟླ་4པའི་ཚུན་དུ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་26ལྷག་ཙམ་བཏང་ནས། འགྱིག་བལ་གྲོང་ཁྱེར་འཛུགས་སྐྲུན་ལ་རྒྱུན་མཐུད་དང་སྐུལ་འདེད་བཏང་ཡོད། མིག་སྔར། ཚོད་ལྟའི་ཁུལ་གྱི་འགྲོ་ལམ་གཡས་གཡོན་དུ་སྤང་ལྗོངས་རྒྱ་ཁྱོན་སྤྱི་ཆིང་30ཙམ་བཏིང་བ་དང་། ནེའུ་གསིང་གི་ཁྱབ་ཚད་85%བར་མང་དུ་བཏང་བ། ཆུ་གཤོངས་ཡུར་བུ་ཉམས་བཟོ་དང་འཐུས་ཚང་དུ་བཏང་བ་མ་ཟད་ཆར་ཆུ་འདམ་རར་དྲངས་ཏེ་གྲོང་ཁྱེར་ནང་གི་འཁྱིལ་ཆུའི་གནད་དོན་བསལ་བས་འགྱིག་བལ་གྲོང་ཁྱེར་འཛུགས་སྐྲུན་ལ་ཕན་འབྲས་ངེས་ཅན་ཐོན་ཡོད།
     “2019ལོར་ནི། ཟི་ལིང་གི་འགྱིག་བལ་གྲོང་ཁྱེར་འཛུགས་སྐྲུན་ཚོད་ལྟ་མཇུག་འགྲིལ་བའི་ལོ་ཞིག་ཡིན་མོད། འོན་ཀྱང་ཟི་ལིང་གི་འགྱིག་བལ་གྲོང་ཁྱེར་མུ་མཐུད་འཛུགས་སྐྲུན་བྱ་རྒྱུ། གྲོང་ཁྱེར་དེས་འབྲེལ་ཡོད་ཁྲིམས་སྲོལ་བཏོན་ནས་འགྱིག་བལ་གྲོང་ཁྱེར་འཛུགས་སྐྲུན་ལ་མཛུབ་ཁྲིད་དང་དོ་དམ་ཚོད་འཛིན་བྱས་ཏེ་འགྱིག་བལ་གྲོང་ཁྱེར་འཛུགས་སྐྲུན་ལ་ཕུགས་ཕན་དོ་དམ་དང་རྒྱུན་མཐུད་སྐུལ་འདེད་གཏོང་རྒྱུ་རེད”ཅེས་ཧྲེན་མིན་གྱིས་ངོ་སྤྲོད་བྱས།