འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་4ཉིན།

༄༅༎ཁྲེང་ཏུའུ་ནས་གཡག་རྔ་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་04ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     2018ལོའི་ཟླ་12ཚེས་28ཉིན་གྱི་ཆུ་ཚོད་7དང་སྐར་མ་29ཡི་ཐོག་ཁྲེང་ཏུའུ་ནུབ་ཚུགས་ནས་གཡག་རྔ་བར་གྱི་མེ་འཁོར་ཐེངས་གྲངས་C6651འགྲུལ་པ་ཚོའི་དགའ་འབོད་ཁྲོད་ཁྲེང་ཏུའུ་ནུབ་ཚུགས་ནས་ཐོན་ཏེ་སྐར་མ་བཅུའང་མ་འགོར་བར་མེ་འཁོར་གྱི་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་195བར་མགྱོགས་སུ་བཏང་བ་ལས་ཁྲོན་བོད་ལྕགས་ལམ་གྱི་ཁྲེང་ཏུའུ་ནས་གཡག་རྔ་བར(གཤམ་ལ་ཁྲེང་གཡག་ལྕགས་ལམ་ཞེས་བསྡུ་རྒྱུ)གྱི་ལྕགས་ལམ་དངོས་སུ་སྤྱོད་འགོ་ཚུགས་པ་མཚོན་ཡོད།
     ཁྲེང་གཡག་ལྕགས་ལམ་གྱི་རིང་ཚད་ཧྲིལ་པོར་སྤྱི་ལེ་140ཡོད་པ་དང་ལམ་ཐིག་ཉིས་བརྩེགས་ཀྱི་རིམ་པ་དང་པོའི་ལྕགས་ལམ་ཡིན་པ་དེའི་ལམ་ཐིག་ཧྲིལ་པོར་ཁྲེང་ཏུའུ་ནུབ་ཚུགས་དང་། དབུན་ཅང་། དབྱང་མ། ཚུང་ཀྲོའུ། ཏ་དབྱི། ཆུང་ལའེ། ཤིས་ལའེ། ཕུའུ་ཅང་། ཁྲའོ་གཡང་ཧུའུ། མིང་ཧྲན། གཡག་རྔ་བཅས་མེ་འཁོར་བབས་ཚུགས་11བཙུགས་ཡོད་པ་རེད།
     ཁྲེང་གཡག་ལྕགས་ལམ་ཤར་གཏོང་ཐུབ་པ་དེ་ཐོག་ནས་ཚུང་ཀྲོའུ་དང་། ཏ་དབྱི། ཆུང་ལའེ། ཕུའུ་ཅང་། གཡག་རྔ་སོགས་སི་ཁྲོན་ནུབ་རྒྱུད་ཀྱི་གྲོང་ཁྱེར་དང་རྫོང་མང་པོ་ཤུགས་འགྲེམས་མེ་འཁོར་གྱི་དུས་རབས་སུ་སླེབས་ནས་རྒྱལ་ཡོངས་ཀྱི་རིམ་མཐོའི་ལྕགས་ལམ་དྲ་བར་ཚུད་དེ་ལམ་རྒྱུད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་མ་གཏོང་བར་དོན་སྙིང་གལ་ཆེན་ལྡན་པ་མཚོན་ཡོད། གཡག་རྔ་འདི་ཉིད་སི་ཁྲོན་གཞོང་ས་དང་མཚོ་བོད་ས་མཐོའི་འབྲེལ་མཚམས་ཡིན་པས། “ཁྲོན་བོད་ཀྱི་མགྲིན་པ”ཞེས་བརྗོད་ཀྱི་ཡོད། ཤུགས་འགྲེམས་མེ་འཁོར་གཡག་རྔར་འབྱོར་བ་དེས་སི་ཁྲོན་ནུབ་རྒྱུད་ཀྱི་གྲོང་མིའི་འགྲིམ་འགྲུལ་ལེགས་བཅོས་ཆེན་པོ་བྱུང་ནས་ཕྱིར་སྐྱོད་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་ཕྱིན་པ་མ་ཟད། སི་ཁྲོན་ནུབ་རྒྱུད་ལམ་རྒྱུད་ཀྱི་ཡུལ་སྐོར་དང་། རིག་གནས། སློབ་གསོ། ཡང་བའི་བཟོ་ལས། མ་བཅོས་རྒྱུ་ཆ་སོགས་ཐོན་ལས་དཔལ་འབྱོར་འཕེལ་རྒྱས་ལ་གོ་སྐབས་བཟང་པོ་དེ་བས་མང་བ་བཏོད་ཡོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཁྲེང་གཡག་ལྕགས་ལམ་ཤར་གཏོང་ཐུབ་མ་ཐག་ཤུགས་འགྲེམས་མེ་འཁོར་ཆ་8བཀོད་སྒྲིག་བྱས་ཏེ་ཁྲེང་ཏུའུ་ནས་གཡག་རྔའི་བར་གྱི་ལྕགས་ལམ་འགྲོ་སྐྱོད་དུས་ཚོད་མགྱོགས་ཤོས་ཆུ་ཚོད་1དང་སྐར་མ་17ཡིན་པ་དང་ཁྲེང་ཏུའུ་ནུབ་ཚུགས་ནས་གཡག་རྔའི་བབས་ཚུགས་བར་ལམ་ཐིག་ཧྲིལ་པོར་རྐུབ་སྟེགས་རིམ་པ་གཉིས་པའི་རིན་གོང་སྒོར་52དང་རྐུབ་སྟེགས་རིམ་པ་དང་པོའི་རིན་གོང་སྒོར་83ཡིན་པ་རེད། 2019ལོའི་ཟླ་1ཚེས་5ཉིན་གྱི་མཚན་མོའི་ཆུ་ཚོད་བཅུ་གཉིས་པ་ནས་བཟུང་ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་རྒྱལ་ཡོངས་ཀྱི་ལྕགས་ལམ་ལ་མེ་འཁོར་འགྲོ་སྐྱོད་ཀྱི་འཆར་གཞི་གསར་པ་ལག་བསྟར་བྱ་རྒྱུ་ཡིན་པས་སྐབས་དེ་དུས་ཁྲེང་གཡག་ལྕགས་ལམ་གྱི་སྐྱེལ་འདྲེན་ནུས་པ་སྔར་བས་ཆེ་རུ་འགྲོ་རྒྱུ་རེད།