འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་4ཉིན།

༄༅༎རྒྱུག་ཤར་གློད་ནས་མི་ཚེའི་ཕུགས་འདུན་དོན་དུ་གཉེར། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་04ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
      ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་1ཚེས་1ཉིན་གློག་འཕྲིན་འབྱོར་གསལ། 2019ལོའི་ཉིན་དང་པོར། ཟི་ལིང་གི་གནམ་ལོ་གསར་ཚེས་ཀྱི་གྲོང་སྐོར་རྒྱུག་ཤར་འགྲན་བསྡུར་དུས་བཀག་ལྟར་བྱས་ཤིང་། ཟི་ལིང་གི་གྲོང་མི་ཆིག་ཁྲི་ལྷག་ཙམ་གྱིས་ཞོགས་པའི་ཉི་གཞོན་དང་འགྲོགས་ནས་ལོ་གསར་པ་བསུས་ཡོད་ལ། ལུས་རྩལ་གྱི་རྣམ་པའི་ཐོག་ནས་ཁོང་ཚོས་འཚོ་བར་བཅངས་པའི་སྤྲོ་སེམས་དང་ལོ་གསར་པའི་རེ་བ་མཚོན་པར་བྱས་ཡོད།
     ལོ་46བསྟུད་མར་གཉེར་བའི་གནམ་ལོ་གསར་ཚེས་ཀྱི་གྲོང་སྐོར་རྒྱུག་ཤར་འགྲན་བསྡུར་དེ་ས་མཐོའི་གནའ་གྲོང་དེའི་མཚོན་རྟགས་ཤིག་ཏུ་གྱུར་ནས་གྲོང་ཁྱེར་གྱི་འཕེལ་རྒྱས་དང་འགྱུར་ལྡོག་གི་དཔང་པོ་བྱས་ཡོད་ལ། གནའ་གྲོང་དེའི་གྲོང་མིའི་ཕུགས་འདུན་ཡང་རྒྱུན་འཛིན་བྱས་ཡོད། ལོ་གསར་པ་ཤར་བ་དང་བསྟུན་ནས་མི་རྣམས་ཀྱིས་རྒྱུག་ཤར་གློད་བཞིན་གཟུགས་པོར་སྦྱོང་བརྡར་བྱེད་པ་དང་། ཕུགས་འདུན་དོན་གཉེར་བྱེད་པའི་ལམ་བུའི་ཐོག་མུ་མཐུད་མདུན་དུ་སྐྱོད་བཞིན་མཆིས།
     ལོ་70ལ་སླེབས་པའི་གྲོང་མི་དབྱང་ཁྲང་དབྱིང་གིས་མི་ཚོགས་ཁྲོད་དུ་ལངས་ནས་ལོ་གསར་པའི་རྒྱུགས་ཤར་གློད་རྒྱུ་སྒུགས་ནས་འདུག ལོ་46རིང་། ལོ་ལྟར་གྱི་གནམ་ལོ་གསར་ཚེས་དུས་སུ་ཁོང་གྲོང་སྐོར་རྒྱུག་ཤར་གློད་ཡུལ་དུ་ཡོང་གི་ཡོད།
     “ལོ་གསར་པའི་ཉིན་དང་པོར་རྒྱུག་ཤར་གློད་པར་དོན་སྙིང་ལྷག་པོ་ཆེ་མང་པོ་ཡོད། ང་ཚོས་སྤྲོ་སྣང་ལྡན་པའི་སེམས་ཁམས་དང་བདེ་ཐང་གི་ལུས་པོར་བརྟེན་ནས་འབད་འཐབ་བྱས་ན་འཚོ་བ་ཇེ་ལེགས་སུ་འགྲོ་སྲིད”ཅེས་དབྱང་ཁྲང་དབྱིང་གིས་བརྗོད། རྒྱུག་ཤར་འགྲན་བསྡུར་ལ་མ་ཞུགས་ཀྱང་ལོ་ལྟར་རྒྱུགས་ཤར་གློད་པའི་དུས་སུ་ཁོང་དེ་གར་ཡོང་ནས་འགྲན་བསྡུར་ལ་ལྟ་བ་དང་འཁྲུག་ཆ་དོད་པའི་རྣམ་པ་ལས་ཁོང་ལ་སྐུལ་ལྕག་ཆེན་པོ་ཐེབས་ཀྱི་ཡོད།
     གྲང་ངར་ཆེ་བའི་གནམ་གཤིས་ཀྱིས་འགྲན་ཞུགས་མང་ཚོགས་ཚོའི་སྤྲོ་སེམས་ལ་གཡོ་འགུལ་ཐེབས་རྒྱུ་ལྟ་ཅི། རྒན་དར་གཞོན་གསུམ་གྱི་ངོ་གདོང་ལས་དགའ་སྤྲོའི་འཛུམ་མདངས་ཕྱུར་བཞིན་དཔུང་པ་མཉམ་གཤིབ་ཀྱིས་མཐའ་ཚུགས་སུ་སྐྱོད་བཞིན་མཆིས།
     “མི་ཚེ་ནི་རྒྱུག་མཐུད་འགྲན་བསྡུར་ཞིག་དང་འདྲ། ང་ཚོ་ཡང་ནས་ཡང་དུ་རྡོག་ཐོན་བྱེད་དགོས་ལ། མདུན་སྐྱོད་ཀྱི་ལམ་བུར་རྫོགས་མཐའ་མེད”ཅེས་ཡང་ཁྲང་དབྱིང་གིས་བརྗོད། ཁོང་གི་མི་ཚེ་ཕྱེད་ཀ་ཙམ་འདས་ཟིན་མོད། ཡིན་ནའང་ལོ་གསར་པའི་ནང་ཁོང་སླར་ཡང་འགོ་འཛུགས་ས་གསར་པའི་ཐོག་དུས་རབས་གསར་པའི་རྗེས་སྙེགས་བཞིན་མཆིས།
     ལོ་16ལ་སླེབས་པའི་མཐོ་རིམ་སློབ་འབྲིང་ལོ་རིམ་དང་པོའི་སློབ་མ་ཀྲའོ་ཡུང་ཁང་ལ་མཚོན་ན། འཛིན་གྲྭའི་སློབ་གྲོགས་ཚང་མ་དང་མཉམ་དུ་གནམ་ལོ་གསར་ཚེས་ཀྱི་གྲོང་སྐོར་རྒྱུག་ཤར་འགྲན་བསྡུར་ལ་ཞུགས་རྒྱུ་བྱུང་བས། ལོ་གསར་པའི་ནང་ཁོང་གི་ཡིད་ཆེས་ཆེ་རུ་ཕྱིན་ཡོད་ལ། རང་ཉིད་འཚར་ལོངས་དང་ཡར་རྒྱས་ཡོང་བར་རེ་སྒུག་ཀྱང་བྱེད་བཞིན་འདུག
     ཀྲའོ་ཡུང་ཁང་གིས“ལོ་གསར་པ་ནི་འདས་ཟིན་པའི་ལོར་ཕྱོགས་སྡོམ་བྱས་པ་ཞིག་ཡིན་ལ། འགོ་འཛུགས་ས་གསར་པ་ཞིག་ཀྱང་ཡིན་པས་ངས་གོམས་གཤིས་ངན་པ་དོར་ནས་གོམས་གཤིས་བཟང་པོ་འཇག་པ་བྱ་རྒྱུ་ཡིན། ན་ནིང་ཁོ་བོའི་ཕུགས་འདུན་ཆུང་ངུ་མངོན་འགྱུར་བྱུང་ནས་རང་གི་འདོད་བློ་ལྟར་མཐོ་རིམ་སློབ་འབྲིང་ལ་རྒྱུགས་འཕྲོད་པ་དང་། འདི་ལོ་དམིགས་ཡུལ་གསར་པ་བཅངས་ནས་མུ་མཐུད་འབད་བརྩོན་བྱ་རྒྱུ་ཡིན”ཞེས་བརྗོད།
     དུས་ནི་སྐད་ཅིག་ཉིད་དུ་འདས་འགྲོ་བ་དང་། མི་ཚེ་ནི་དམིགས་ཡུལ་མང་པོ་མངོན་འགྱུར་བྱེད་པའི་ལམ་དུ་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་པ་ཞིག་ཡིན་པས། ལོ་ན་མཐོ་བའི་བགྲེས་སོང་ངམ་ཡང་ན་ལང་ཚོ་དར་ལ་བབས་པའི་གཞོན་ནུ་གང་ཞིག་ཡིན་རུང་ཚང་མ་མི་ཚེའི་ལམ་བུའི་ཐོག་ཕུགས་འདུན་དོན་གཉེར་བྱེད་མཁན་ཤ་སྟག་རེད།