མི་དམངས་དྲ་བ།>>རྒྱལ་སྤྱིའི་གསར་འགྱུར།

༄༅༎ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ལ་འཚམས་འདྲིའི་གློག་འཕྲིན་བཏང་བ་དང་།
ལི་ཁེ་ཆང་གིས་ཨུ་རུ་སུའི་ཙུང་ལི་མེ་ཏེ་ཝེ་ཅེ་ཧྥུའུ་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་03ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་2ཉིན། ཨུ་རུ་སུའི་མཱ་ཀེ་ཉིང་ཐའོ་ཀོར་སི་ཁའེ་གྲོང་ཁྱེར་གྱི་དམངས་སྡོད་ཐོག་ཁང་ལ་སོལ་རླངས་འབར་གད་ཀྱི་དོན་རྐྱེན་བྱུང་ནས་ཤི་རྨས་ཚབས་ཆེན་བཟོས་པའི་ཐད་ལ་ཟླ་1ཚེས་2ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིང་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ལ་འཚམས་འདྲིའི་གློག་འཕྲིན་བཏང་བ་རེད།
     ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་། སྐུ་ཉིད་རྒྱལ་ཁབ་ཀྱི་མཱ་ཀེ་ཉིང་ཐའོ་ཀོར་སི་ཁའེ་གྲོང་ཁྱེར་གྱི་དམངས་སྡོད་ཐོག་ཁང་ཞིག་ལ་སོལ་རླངས་འབར་གད་བྱུང་ནས། ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་བཟོས་པར་རྟོགས་བྱུང་བས། ངས་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་དང་ང་རང་མི་སྒེར་གྱི་མིང་ཐོག་ནས་རྐྱེན་ལམ་དུ་ཤོར་མཁན་ལ་སེམས་སྡུག་ཆེན་པོས་མྱ་ངན་ཞུས་པ་དང་། རྨས་སྐྱོན་ཕོག་མཁན་དང་རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་ཡིན།
     སྐབས་འདིར་རོགས་སྐྱོབ་བྱེད་སྒོ་ད་དུང་སྔར་བཞིན་ཛ་དྲག་ཆེ་བའི་ངང་ནས་སྤེལ་བཞིན་ཡོད་ལ། བདག་ལ་སྐུ་ཞབས་ཙུང་ཐུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག  ཐོལ་བྱུང་དོན་རྐྱེན་འདི་ངེས་པར་དུ་ཐག་གཅོད་འོས་འཚམ་བྱ་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས། 
     ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྱང་ཨུ་རུ་སུའི་ཙུང་ལི་མེ་ཏེ་ཝེ་ཅེ་ཧྥུའུ་ལ་འཚམས་འདྲིའི་གློག་འཕྲིན་བཏང་ཡོད་པ་དང་། རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུས་པ་དང་རྐྱེན་ལམ་དུ་ཤོར་མཁན་ཚོའི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་འདུག

  
style="display:none;"