འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་2ཉིན།

༄༅༎ཁྲོན་བོད“མ་ལམ་གསར་པའི”གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་
ཧྲིལ་པོ་བསྐྲུན་ཟིན་ནས་རླངས་འཁོར་ཚོད་གཏོང་བྱས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་02ཉིན། 11:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱུང་བར། 2018ལོའི་ཟླ་12ཚེས་21ཉིན་གྱི་སྔ་དྲོའི་ཆུ་ཚོད་8དང་སྐར་མ་30ལ་སི་ཁྲོན་ཞིང་ཆེན་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ཧྲིལ་པོ་ཟླ་9ཡི་སྔ་སྣུར་དུ་བསྐྲུན་ཟིན་ནས་རླངས་འཁོར་ཚོད་གཏོང་བྱས་ཏེ། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིཌ་རང་སྐྱོང་ཀྲོའུ་ཡི་ལྟེ་བའི་གྲོང་ཁྱེར་དར་མདོར་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། དེ་དང་ཆབས་ཅིག་སི་ཁྲོན་ཞིང་ཆེན་གྱི་བསྐྲུན་ཟིན་པའི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཚད་སྤྱི་ལེ་7238ཟིན་ཡོད།
     གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ནི་ཁྲེང་ཏུའུ་ཐང་གཤོངས་དང་དཀར་མཛེས་བོད་རིགས་ས་ཁུལ་འབྲེལ་ནས་བོད་ལྗོངས་སུ་སྐྱོད་སའི་བགྲོད་ལམ་གལ་ཆེན་ཞིག་རེད་ལ། རྒྱལ་ཁབ་མྱུར་བགྲོད་གཞུང་ལམ་དྲ་བའི་སི་ཁྲོན་གཡག་རྔ་ནས་ཤིན་ཅང་ཡེ་ཁྲེང་བར་གྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད། རྣམ་གྲངས་དེ་ནི་གཡག་རྔ་གྲོང་ཁྱེར་ཡུས་ཁྲེང་ཆུས་ནས་འགོ་བཙུགས་ཏེ་ནུབ་ཏུ་ཐེན་ཆོན་རྫོང་དང་ལྕགས་ཟམ་ཁ་རྫོང་བརྒྱུད་མཐར་དར་མདོའི་གྲོང་ཤར་དུ་སླེབས་ཀྱི་ཡོད་ཅིང་། ལམ་ཐག་ཧྲིལ་པོར་སྤྱི་ལེ་135ཡོད་པ་དང་། ཕྱོགས་གཉིས་ཀར་བགྲོད་ལམ་བཞི་རེ་ཡོད་པ། ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་80ཡིན་པ། ཟམ་པ་དང་ཕུག་ལམ་གྱི་སྡུར་ཚད་82%ཡིན་པ། རགས་རྩིས་བརྒྱབ་ན་མ་རྩ་སྒོར་དུང་ཕྱུར་230བཏང་ཡོད་པ་རེད།
     གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་རྗེས་ཁྲེང་ཏུའུ་ཡི་གྲོང་སྐོར་མྱུར་བགྲོད་གཞུང་ལམ་ནས་ཐོན་ན་ཆུ་ཚོད་3.5ཡི་ནང་དར་མདོ་གྲོང་དུ་འབྱོར་གྱི་ཡོད་པས། མིག་སྔའི་དུས་ཡུན་གྱི་ཕྱེད་ཀ་ཙམ་ལས་འགོར་གྱི་མེད་པ་དང་། དེས་དཀར་མཛེས་བོད་རིགས་ས་ཁུལ་གྱི་འགྲིམ་འགྲུལ་འགྲོ་སྐྱོད་ཀྱི་ཆ་རྐྱེན་ལེགས་སུ་ཆེས་ཆེར་ཕྱིན་ནས་ཡུལ་དེའི་དམངས་ཚོགས་ཀྱི་འགྲོ་སྐྱོད་ལ་སྔར་བས་སྟབས་བདེ་དང་། མྱུར་བ། བདེ་འཇགས་བཅས་ཀྱི་འགྲིམ་འགྲུལ་འགྲོ་སྐྱོད་ཀྱི་ཞབས་འདེགས་ཞུ་རྒྱུ་ཡིན་པ་རེད།