འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་27ཉིན།

༄༅།།ཏང་ཀྲི་པུའི་ཧྲུའུ་ཅི་ཉི་མ་དོན་གྲུབ་ཀྱིས།“མང་ཚོགས་སྣེ་ཁྲིད་དེ་ཕྱུག་པོར་འགྱུར་རྒྱུ་ནི་ཏང་ཡོན་གྱི་ལས་འགན་དང་འགན་འཁྲི་རེད”ཅེས་བརྗོད་པ། 

འདི་ག་ཚགས་པར་གྱི་གསར་འགོད་པ། ཡོན་ཆོན་དང་ཆུང་བདག་སྒྲོལ་དཀར་གྱིས། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་27ཉིན། 11:53】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་འོ་མ་ཤང་འཆམ་གུག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཉི་མ་དོན་གྲུབ།
བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་འོ་མ་ཤང་འཆམ་གུག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཉི་མ་དོན་གྲུབ།
         གཤིས་རྒྱུད་འཇམ་ཞིང་གཞུང་དྲང་བ་དང་བྱམས་བརྩེ་ཆེ་བའི་ཧྲུའུ་ཅི་ཉི་མ་དོན་གྲུབ་འཕྲད་སྐབས། ཁོང་གོང་དཀར་གནམ་ཐང་དུ་འབྱོར་འཕྲལ་དེ་མ་ཉིད་དུ་གྲོང་ཚོར་ལོག་འདོད་ཆེན་པོ་བྱེད་བཞིན་འདུག “ངས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་ཟབ་མོ་གྲོང་ཚོར་སྒྲོག་འགྲེལ་བྱས་ནས་གྲོའི་ཚོའི་ཡུལ་མི་ཚོ་དང་མཉམ་དུ་དགའ་སྤྲོ་མཉམ་རོལ་བྱེད་ཀྱི་ཡིན”ཞེས་ཉི་མ་དོན་གྲུབ་ཀྱིས་གསར་འགོད་པར་ལག་ཐོགས་ཁ་པར་ནང་གི་པར་སྟོན་བཞིན་དུ་ངོ་གདོང་ལས་བདེ་སྐྱིད་ཀྱི་རྣམ་པས་ཁེངས།
           ཉི་མ་དོན་གྲུབ་ནི་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་འོ་མ་ཤང་འཆམ་གུག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་པ་དང་གྲོང་གསེབ་ཀྱི་གཞི་རིམ་དུ་ལས་ཀ་བྱས་ནས་ལོ་བཅུ་ལྷག་ཙམ་སོང་ཡོད། ལོ་གསུམ་གྱི་གོང་འཆམ་གུག་གྲོང་ཚོ་ནི་འབྲོག་ལས་རྐྱང་པའི་གྲོང་ཚོ་ཞིག་ཡིན་པ་དང་འབྲོག་པའི་ཡོང་འབབ་ཡོང་ཁུངས་རྐྱང་པ་ཡིན་པས་དབུལ་པོ་དང་ཕྱུག་པོའི་དབར་གྱི་ཧེ་བག་ཆེ་ཙམ་ཡོད། གྲོང་ཚོ་ཡོངས་ཀྱི་དུད་ཚང་86དང་མི་གྲངས་301གི་ཁྲོད་མི་འབོར་དབུལ་པོའི་དུད་ཚང་21དང་མི་གྲངས་60ཡོད། སྐབས་དེ་དུས་མངའ་རིས་ས་ཁུལ་དུ་འབྲོག་ཁུལ་སྒྱུར་བཅོས་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་པ་དང་། རྫོང་གིས་གྲོང་ཚོའི་ནང་གི་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ནག་ཆུའི་མཚོ་གཉིས་དང་དཔལ་མགོན་སོགས་འབྲོག་ཁུལ་དུ་ལྟ་སྐོར་དུ་ཁྲིད་པ་རེད། “དཔལ་མགོན་རྫོང་དང་མཚོ་གཉིས་རྫོང་གི་འགྱུར་ལྡོག་མཐོང་སྐབས་སེམས་འགུལ་ཆེན་པོ་ཐེབས་བྱུང་ལ་ཚོད་ལྟ་བྱེད་བསམ་པའི་ཆོད་སེམས་ཤིག་སྐྱེས་བྱུང་། མང་ཚོགས་སྣེ་ཁྲིད་དེ་ཕྱུག་པོར་འགྱུར་རྒྱུ་ནི་ཏང་ཡོན་གྱི་ལས་འགན་དང་འགན་འཁྲི་རེད”ཅེས་ཉི་མ་དོན་གྲུབ་ཀྱིས་བཤད།
           སྒྱུར་བཅོས་བརྟག་ཞིབ་ཚོགས་ཆུང་འཆམ་གུག་གྲོང་ཚོར་སླེབས་སྐབས་ཉི་མ་དོན་གྲུབ་ཀྱིས“འཆམ་གུག་གྲོང་ཚོར་སྒྱུར་བཅོས་ཀྱི་ཚོད་ལྟ་བྱེད་དུ་འཇུག་རོགས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡག་པོ་གཉེར་ནས་འབྲོག་པ་མང་ཚོགས་མཉམ་དུ་ཕྱུག་པོ་ཆགས་ཐུབ་པའི་གདེང་ཚོད་ཡོད”ཅེས་བཤད། ཁོང་གིས་དེ་མ་ཉིད་དུ་གྲོང་ཚོའི་ནང་གི་ཏང་ཡོན་40སྐོང་བསྡུ་བྱས་ནས“ང་ཚོ་ཚང་མ་ནི་ཏང་ཡོན་ཡིན་པས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་སྣེ་ཁྲིད་ནུས་པ་འདོན་པའི་དུས་སུ་སླེབས་ཡོད”ཅེས་བཤད།
         “སྐབས་དེ་དུས་ཏང་ཡོན་མང་ཙམ་ཡོད་ན་ཅི་མ་རུང་སྙམ་བྱུང”ཉི་མ་དོན་གྲུབ་དང་ཏང་ཡོན་ཚོས་དུད་ཚང་མི་རེ་ངོ་རེའི་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་དང་བསམ་བློའི་སློབ་གསོ་བརྒྱབ་ཡོད། མི་ལ་བརྩོན་འགྲུས་ཡོད་གྱུར་ན། མི་འགྲུབ་བྱ་བ་གང་ཡང་མེད་ཅེས་པ་ལྟར་2015ལོའི་ལོ་མཇུག་ཏུ་འཆམ་གུག་གྲོང་ཚོའི་འབྲོག་པའི་མཉམ་སྡེབ་དཔལ་འབྱོར་མཉམ་ལས་ཁང་བཙུགས་པ་དང་། དུད་ཚང་71དང་མང་ཚོགས་256ཞུགས་པ་དེས་གྲོང་ཚོ་ཡོངས་ཀྱི་མི་འབོར་གྱི་85%ཡན་བཟུང་ཡོད།
           མཉམ་ལས་ཁང་གིས“ཕྱུགས་ཟོག་མ་རྐང་ནང་ཞུགས་པ་དང་། ངལ་ནུས་མ་རྐང་ནང་ཞུགས་པ། དུད་སྦྲེལ་བྱས་ནས་ཕྱུགས་འཚོ་བ། རྩྭ་ར་བརྒྱུད་བཤུག”བཅས་ཀྱི་བྱ་ཐབས་ལ་བརྟེན་ནས་གཉེར་སྐྱོང་བྱས་པ་དང་འབྲེལ“ངལ་ནུས་གཅིག་གྱུར་ཐོག་བཀོད་སྒྲིག་དང་། རྩྭ་ར་གཅིག་གྱུར་ཐོག་དོ་དམ། ཕྱུགས་ཟོག་ཐོན་རྫས་གཅིག་གྱུར་ཐོག་ཉོ་ཚོང་། གཉེར་སྐྱོང་ཡོང་འབབ་གཅིག་གྱུར་ཐོག་བགོ་བཤའ། ངལ་ནུས་མེད་པ་དང་མི་ཧྲེང་རྒན་རྒོན་གཅིག་གྱུར་ཐོག་བསྙེན་བཀུར། སློབ་གྲྭར་ཡོད་མུས་ཀྱི་སློབ་མ་གཅིག་གྱུར་ཐོག་སྐར་རྒྱག་པ”བཅས་ཀྱི“གཅིག་གྱུར་དྲུག”གི་གཉེར་སྐྱོང་བྱེད་སྟངས་བཟོས་ནས་ཁེ་སྤོགས་ཀྱི་82%ཧྲེ་ཡོན་ལ་སྤྲད་པ་དང་། 4%ངལ་ནུས་མེད་པ་དང་མི་ཧྲེང་རྒན་རྒོན་དང་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱ་རྒྱུར་སྤྲད་པ། 6%མཉམ་ལས་ཁང་དོ་དམ་པའི་གཞི་རྩའི་གླ་ཆར་བྱས་པ། ལྷག་མ་8%མཉམ་ལས་ཁང་གི་ཉེན་ཁའི་མ་དངུལ་དང་འཁོར་རྒྱུག་མ་དངུལ་དུ་བྱས་ཡོད།
          ཉི་མ་དོན་གྲུབ་ཀྱི་སྣེ་ཁྲིད་འོག་འཆམ་གུག་གྲོང་ཚོའི་འབྲོག་ལས་སྒྱུར་བཅོས་ཐད་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་ཕུལ་ཡོད་པ་སྟེ། 2017ལོར་གྲོང་ཚོ་ཡོངས་ཀྱི་མཉམ་ལས་ཁང་ནང་ཞུགས་པའི་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་1.4ལྷག་ཙམ་ཟིན་པ་དང་། གྲོང་ཚོ་ཡོངས་ཀྱི་མི་ཧྲེང་རྒན་རྒོན་མི་རེར་ཁེ་སྤོགས་སྒོར་4288བྱུང་བ། སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་74ལ་མི་རེར་ཁེ་སྤོགས་སྒོར་1150བྱུང་བ་བཅས“རྒས་དུས་འཚོ་བརྟེན་ཡོད་པ་དང་ཆུང་དུས་སློབ་མཁན་ཡོད་པ”བྱུང་ནས་2018ལོར་ཐོན་ལས་ཁག་ལ་ཁྱོན་ཡོང་འབབ་སྒོར་ཁྲི་339ལྷག་ཙམ་བྱུང་ཡོད། “དེ་བས་གལ་ཆེ་བ་ནི་ཏང་ཡོན་གྱིས་མང་ཚོགས་དང་མཉམ་དུ་ངལ་རྩོལ་བྱས་པས་ཏང་ཡོན་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་དེ་བས་ཟབ་ཏུ་ཕྱིན་ཡོད”ཅེས་ཉི་མ་དོན་གྲུབ་ཀྱིས་བཤད།