འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་27ཉིན།

༄༅།།བོད་ཀྱིས་ཐབས་མང་མཉམ་དུ་སྤྱད་དེ་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཐག་གཅོད་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་27ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཀྱི་ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་འགན་ལེན་ལས་དོན་གྱི་སྐུལ་འདེད་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། བོད་རང་སྐྱོང་ལྗོངས་ཀྱི་སྡེ་ཚན་མང་པོ་ཞིག་གིས་ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་འགན་ལེན་གྱི་བྱ་ཐབས་བཏོན་པའི་ཁར། ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ལ་དམིགས་ཏེ་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས་ཞིང་པ་ལས་མིའི་གླ་ཆ་དུས་བཀག་ལྟར་སྤྲོད་ཐུབ་པའི་འགན་ལེན་དང་ལོ་མཇུག་གི་གོང་དུ་ལྗོངས་ཡོངས་ཀྱི་ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་དང་ལས་མི་སྤྱོད་པའི་ཁྱབ་ཁོངས་གཞན་དག་གི་ཞིང་པ་ལས་མི་ཚང་མའི་གླ་ཆ་གཙང་སྤྲོད་ཐུབ་པའི་འགན་ལེན་བྱེད་བཞིན་ཡོད་པ་དང་། ཟླ་12ཚེས་21ཉིན་བར། ལྗོངས་ཡོངས་སུ་ཁྱོན་གླ་ཆ་ཆད་པའི་གྱོད་གཞི་72ཐག་གཅོད་བྱས་ཏེ་ཞིང་པ་ལས་མི་ཁྲི་1.5ལྷག་ཙམ་ལ་གླ་ཆ་སྒོར་དུང་ཕྱུར་3ལྷག་ཙམ་ལེན་རོགས་བྱས་པ་རེད།
            བྱ་ཐབས་ཞིབ་ཕྲ་གཤམ་གསལ་ཏེ། ལྷ་ས་དང་གཞིས་རྩེ་སོགས་གྲོང་ཁྱེར(ས་ཁུལ)གྱིས་གྲོང་ཁྱེར་རིམ་པའི་འཕྲལ་བསྟུན་འཁོར་རྒྱུག་མ་དངུལ་བཀོད་སྒྲིག་བྱས་པ་དང་ཆབས་ཅིག ཁེ་ལས་4000ལྷག་ཙམ་གྱི་ས་ནས་གླ་ཆའི་ཁག་ཐེག་དངུལ་སྒོར་དུང་ཕྱུར་15.55བསྡུས་པ་དང་། བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་དང་ནོར་སྲིད་ཐིང་སོགས་སྡེ་ཚན་མང་པོས་མཉམ་དུ་ལས་གྲྭའི་ཁྱབ་ཁོངས་ཀྱི་ངལ་ནུས་བཀོལ་སྤྱོད་ཀྱི་མིང་འགོད་ལམ་ལུགས་ལ་བརྟེན་ནས་དོ་དམ་ལ་སྐུལ་འདེད་བཏང་བ་དང་། ཞིང་པ་ལས་མིའི་གླ་ཆ་ཁག་ཐེག་དངུལ་གྱི་ཆེད་དམིགས་ཐོ་ཁོངས་བཟོ་བ། དངུལ་ཁང་གིས་གླ་ཆ་ཚབ་སྤྲོད་བྱེད་པ། ཞིང་པ་ལས་མིའི་གླ་ཆ་སྤྲོད་པའི་བདེ་བགྲོད་ལམ་བུ་གཏོད་པ་བཅས་བྱས་པ་མ་ཟད། བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་། སྤྱི་ཁྱབ་བཟོ་ཚོགས། རང་བྱུང་ཐོན་ཁུངས་ཐིང་སོགས་ལས་ཁུངས་ཀྱིས《ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་འགན་ལེན་གྱི་ལས་དོན་ལེགས་པར་སྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ》བཀྲམ་པ་དང་སྲིད་གཞུང་གི་མ་འཇོག་རྣམ་གྲངས་རིགས་ཀྱིས་གླ་ཆ་ཆད་པ་ཕྱོགས་ཡོངས་ནས་གཙང་འཇལ་བྱས་པ། བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་བཅའ་ཁྲིམས་རོགས་སྐྱོར་གྱི་བདེ་བགྲོད་ལམ་བུ་བཏོད་དེ་ཞིང་པ་ལས་མིར་གནད་སྨིན་བཅའ་ཁྲིམས་རོགས་སྐྱོར་གྱི་ཞབས་འདེགས་མཁོ་འདོན་བྱས་པ་རེད།