འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་26ཉིན།

༄༅།།སློབ་གསོ་པུའུ་དང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་རང་རྒྱལ་གྱིས་ལོ་3ནས་5བར་གྱི་དུས་ཚོད་སྤྱད་དེ་རྒྱལ་ཡོངས་ཀྱི་
སློབ་འབྲིང་དང་སློབ་ཆུང་གི་གློག་བརྙན་བརྙན་འཕྲིན་སློབ་གསོ་གཞི་རྩའི་ཆ་ནས་
ཡོངས་ཁྱབ་ཐུབ་པའི་བརྩོན་ལེན་བྱེད་དགོས་པ་བཏོན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་26ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
            ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཕུལ་བྱུང་གློག་བརྙན་གྱིས་སློབ་འབྲིང་དང་སློབ་ཆུང་སློབ་མའི་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིས། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་ཁྲོད་ནུས་པ་གལ་ཆེན་འདོན་ཆེད། སློབ་གསོ་པུའུ་དང་ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་ཉེ་ཆར་སློབ་འབྲིང་དང་སློབ་ཆུང་གི་གློག་བརྙན་བརྙན་འཕྲིན་གྱི་སློབ་གསོར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་ཡོངས་བསྒྲགས་བྱས་ནས་ལོ་3ནས་5བར་གྱི་དུས་ཚོད་སྤྱད་དེ་རྒྱལ་ཡོངས་ཀྱི་སློབ་འབྲིང་དང་སློབ་ཆུང་གི་གློག་བརྙན་བརྙན་འཕྲིན་གྱི་སློབ་གསོ་གཞི་རྩའི་ཆ་ནས་ཡོངས་ཁྱབ་ཐུབ་རྒྱུའི་བརྩོན་ལེན་བྱེད་རྒྱུ་ཡིན་པ་རེད།
         མཛུབ་ཁྲིད་བསམ་འཆར་ནང་ལོ་3ནས་5བར་གྱི་དུས་ཚོད་སྤྱད་དེ་རྒྱལ་ཡོངས་ཀྱི་སློབ་འབྲིང་དང་སློབ་ཆུང་གི་གློག་བརྙན་བརྙན་འཕྲིན་སློབ་གསོ་གཞི་རྩའི་ཆ་ནས་ཡོངས་ཁྱབ་ཐུབ་རྒྱུ་བརྩོན་ལེན་བྱས་ནས་རྣམ་པ་མང་བ་དང་། ཐོན་ཁུངས་ཕུན་སུམ་ཚོགས་པ། རྒྱུན་གཏན་ངང་སྤེལ་བ་བཅས་ཀྱི་སློབ་འབྲིང་དང་སློབ་ཆུང་གི་གློག་བརྙན་བརྙན་འཕྲིན་སློབ་གསོའི་ལས་ཀའི་ལམ་སྲོལ་གཞི་རྩའི་ཆ་ནས་ཆགས་པ་དང་། སློབ་འབྲིང་དང་སློབ་ཆུང་སློབ་མའི་གློག་བརྙན་བརྙན་འཕྲིན་སློབ་གསོའི་བྱེད་སྒོ་སྤེལ་བའི་དུས་ཚོད་དོན་འཁྱོལ་ཏན་ཏིག་ཐུབ་པ། སློབ་འབྲིང་དང་སློབ་ཆུང་སློབ་མས་ལྟ་རྒྱུར་འཚམ་པའི་ཕུལ་བྱུང་གི་གློག་བརྙན་སྟོན་རྒྱུ་འགན་ལེན་གང་ལེགས་ཐུབ་པ། སློབ་གྲྭ་དང་གཞོན་ནུ་ལོ་ཆུང་གི་སློབ་ཕྱིའི་བྱེད་སྒོ་སྤེལ་ཡུལ་དང་སྤྱི་ཚོགས་ཀྱི་གློག་བརྙན་ལྟ་བའི་ཐོན་ཁུངས་བེད་སྤྱོད་ནུས་ལྡན་ཐུབ་པ་བཅས་བྱས་ཏེ་སློབ་འབྲིང་དང་སློབ་ཆུང་སློབ་མའི་གློག་བརྙན་བརྙན་འཕྲིན་སློབ་གསོའི་རྣམ་པ་ཟབ་མོ་ཆགས་པར་བྱེད་དགོས་ཞེས་གསལ་པོ་བཏོན་ཡོད་པ་རེད།
         མཛུབ་ཁྲིད་བསམ་འཆར་ནང་ས་གནས་ཁག་གི་སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་དྲིལ་བསྒྲགས་སྡེ་ཚན་དང་མཉམ་དུ་སློབ་འབྲིང་དང་སློབ་ཆུང་གི་གློག་བརྙན་བརྙན་འཕྲིན་གྱི་སློབ་གསོའི་ལས་དོན་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་གློག་བརྙན་བརྙན་འཕྲིན་སློབ་གསོ་དེ་སློབ་འབྲིང་དང་སློབ་ཆུང་གི་ཀུན་སྤྱོད་སློབ་གསོ་དང་མཛེས་རིས་སློབ་གསོ་སོགས་ཀྱི་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་སློབ་གྲྭའི་སློབ་གསོ་སློབ་ཁྲིད་ཀྱི་འཆར་གཞིའི་ནང་འཇུག་པ་དང་། རིག་ཚན་སློབ་ཁྲིད་ཀྱི་ནང་དོན་དང་ཟུང་འབྲེལ་དམ་ཟབ་བྱེད་པ། སློབ་གྲྭའི་ཕྱི་ནང་གི་བྱེད་སྒོ་དང་སྤྱི་འདོམས་བསམ་གཞིག་བྱེད་པ། གློག་བརྙན་ལྟ་བའི་དུས་ཚོད་དང་བྱ་ཐབས་བཀོད་སྒྲིག་འོས་འཚམ་བཅས་བྱས་ཏེ་ཕུལ་བྱུང་གློག་བརྙན་ལྟ་རྒྱུ་དེ་སློབ་འབྲིང་དང་སློབ་ཆུང་གི་སློབ་མས་ངེས་པར་དུ་སྦྱོང་དགོས་པའི་ནང་དོན་དུ་གྱུར་བ་བྱས་ཐོག་སློབ་འབྲིང་དང་སློབ་ཆུང་གི་སློབ་མ་ཚང་མར་སློབ་དུས་རེར་ཉུང་མཐར་ཡང་རིན་མེད་ངང་ཕུལ་བྱུང་གློག་བརྙན་ཐེངས་གཉིས་ལྟ་ཐུབ་པའི་འགན་ལེན་བྱེད་དགོས་པ་བཏོན་ཡོད།
        དེ་དང་དུས་མཚུངས་གྲོང་གསེབ་ཀྱི་སློབ་མ་དང་དབང་པོ་སྐྱོན་ཅན་གྱི་བྱིས་པ་ལོ་ཆུང་ལ་དམིགས་ནས་མཛུབ་ཁྲིད་བསམ་འཆར་ནང་ས་ཁུལ་ཁག་གིས་གྲོང་གསེབ་ཀྱི་གློག་བརྙན་སྟོན་མཁན་རུ་ཁག་སྒྲིག་འཛུགས་བྱས་ཏེ་གྲོང་གསེབ་ཀྱི་སློབ་འབྲིང་དང་སློབ་ཆུང་དུ་བསྐྱོད་ནས་གློག་བརྙན་བསྟན་ཏེ་གྲོང་གསེབ་ཀྱི་སློབ་མས་རིན་མེད་ངང་གློག་བརྙན་ལྟ་བའི་བྱེད་སྒོ་ཡོངས་ཁྱབ་ཐུབ་པ་བྱེད་དགོས་པ་དང་། དམིགས་བསལ་རིགས་ཀྱི་སྤྱི་ཕན་གློག་བརྙན་སྟོན་པའི་བྱེད་སྒོ་སྤེལ་ནས་ལོང་བ་དང་འོན་པ་སོགས་ཀྱི་ལོ་ཆུང་བྱིས་པས་བདེ་མ་ཐང་མའི་ཕྲུ་གུ་དང་འདྲ་བར་ཕུལ་བྱུང་གློག་བརྙན་གྱི་ཡིད་དབང་འཕྲོག་ཤུགས་ཚོར་བ་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།