འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་24ཉིན།

༄༅།།ཧུང་ཡུན་ལས་གྲྭ་ལག་རྩལ་གྱི་ཚོད་ལྟ་ར་སྤྲོད་སྲུང་སྐར་བདེ་བླག་ངང་འཕེན་གཏོང་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་24ཉིན། 15:10】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         ཤིན་ཧྭ་གསར་འགྱུར་ཁང་ཅིའུ་ཆོན་ནས་ཟླ་12ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་22ཉིན་གྱི་ཆུ་ཚོད་7དང་སྐར་མ་51ལ་རང་རྒྱལ་གྱིས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་བཅུ་གཅིག་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ། ཧུང་ཡུན་ལས་གྲྭ་ལག་རྩལ་གྱི་ཚོད་ལྟ་ར་སྤྲོད་སྲུང་སྐར་མཁའ་དབྱིངས་སུ་བདེ་བླགས་ངང་འཕེན་གཏོང་བྱས་པ་དང་སྲུང་སྐར་འདི་སྔོན་གཏན་འཁེལ་བའི་འཁོར་ལམ་ཐོག་འབྱོར་ཡོད་པ་རེད།
        སྲུང་སྐར་འདི་བདེ་བླག་ངང་འཕེན་གཏོང་བྱས་པ་ལས་རང་རྒྱལ་གྱི་འཁོར་ལམ་དམའ་བའི་དྲ་ཆེན་སྲུང་སྐར་མ་ལག་འཛུགས་སྐྲུན་ཐད་དོན་དངོས་རང་བཞིན་གྱི་གོམ་སྟབས་ཤིག་སྤོས་པ་མཚོན་གྱི་ཡོད།
         ཧུང་ཡུན་ལས་གྲྭ་ནི་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིས་སྣེ་ཁྲིད་ནས་ཞིབ་བཟོ་བྱས་པའི་གོ་ལ་ཧྲིལ་པོར་ཁྱབ་པའི་འཁོར་ལམ་དམའ་བའི་དྲ་ཆེན་འཕྲིན་གཏོང་སྲུང་སྐར་མ་ལག་ཅིག་རེད། མ་ལག་དེས་ཐེན་ཅི་དྲ་སྦྲེལ་གྱི་མཐུད་འཇུག་ནུས་པ་རྨང་གཞིར་བྱས་ཏེ། འཁོར་ལམ་དམའ་པོ་ནས་ཕྱོགས་སྟོན་བྱེད་ཤུགས་ཆེ་རུ་དང་སྣ་མང་ཅན་གྱི་རྒྱང་ཚོར་མཉམ་འདྲེས་ཀྱིས་ཤར་གཏོང་དང་། ཕྱོགས་སྟོན། རྒྱང་ཚོར་གསུམ་གྱི་ཆ་འཕྲིན་གཞི་གཅིག་ཅན་དུ་བསྒྱུར་རྒྱུ་རེད།
        འཕེན་གཏོང་བྱེད་པར་སྤྱད་པའི་རྒྱང་སྐྱོད་ཨང་བཅུ་གཅིག་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་དེ་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སིས་ཞིབ་འཇུག་བྱས་ནས་བཟོས་པ་ཞིག་ཡིན་པ་དང་དེ་ནི་རྒྱང་སྐྱོད་རྟགས་ཅན་གྱི་མེ་ཤུགས་འཕུར་མདའ་རིགས་གྲས་འཕེན་ཐེངས་295པ་རེད།