འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་23ཉིན།

༄༅།།“ལྟེ་བའི་རིན་ཐང་ལྟ་བའི་འཆད་སྟེགས་བརྒྱའི”བྱེད་སྒོ་ཡུན་ནན་ཁུན་མིང་དུ་སྤེལ་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་23ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་ཟླ་12ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན་གྱི་སྔ་དྲོ། “ལྟེ་བའི་རིན་ཐང་ལྟ་བའི་འཆད་སྟེགས་བརྒྱའི”བྱེད་སྒོ་ཐེངས་82པ་ཡུན་ནན་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཆེན་དུ་སྤེལ་བ་རེད། སློབ་གསོ་པུའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས་དང་སྤྱི་ཚོགས་ཚན་རིག་ལྟེ་གནས་ཀྱི་ཀྲུའུ་རེན་ཝང་པིང་ལིན་གྱིས《ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཕྱུག་འགྱུར་གྱི་ལམ་བུར་སྐྱོད》ཅེས་པ་འགོ་བརྗོད་དུ་བྱས་ནས་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱས་པ་དང་འབྲེལ། “གདེང་ཚོད་བཞི”བརྟན་དུ་གཏོང་བ་དང་། སློབ་ཆེན་སློབ་མས་སྒྱུར་བཅོས་སྒོ་དབྱེའི་རླབས་རྒྱུན་ཆེན་པོར་ཇི་ལྟར་ཞུགས་དགོས་པ། མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོར་སྒྱུར་བཅོས་ཇི་ལྟར་བྱེད་པ། གྲངས་ཉུང་མི་རིགས་ས་ཁུལ་འབྱོར་ཕྱུག་ཇི་ལྟར་ཡོང་བར་བྱེད་པ་སོགས་ཀྱི་བརྗོད་གཞིའི་ཐད་ཉན་མཁན་དང་དེ་བཞིན་དྲ་གྲོགས་དང་སྤེལ་རེས་བྱས་པ་རེད།
     སྒྲོག་འགྲེལ་བྱེད་རིང་ཝང་པིང་ལིན་གྱིས་རྒྱལ་ཁབ་འབྱོར་ཕྱུག་དང་མི་དམངས་བདེ་སྐྱིད་ཡོང་བར་བྱེད་པ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་བྱེད་པའི་ཐོག་མའི་བསམ་འདུན་རེད། ཀྲུང་གོའི་འགྲོ་ལམ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་ཐུབ་པ་ལས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་ཀྱི་རང་བཞིན་འདོན་སྤེལ་གང་ལེགས་བྱས་ཏེ་ཐུན་མོང་འབྱོར་ཕྱུག་དང་མི་དམངས་བདེ་སྐྱིད་ཡོང་བར་བྱེད་དགོས་ན་ངེས་པར་དུ་འབྱོར་ཕྱུག་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་བརྩི་དགོས་པ་མཚོན་ཡོད། རིན་ཐང་ལྟ་བ་གང་འདྲ་ཞིག་མཐའ་འཁྱོངས་བྱེད་པ་དེས་དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་རིན་ཐང་གཏན་འཁེལ་བྱེད་ཐུབ། ང་ཚོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་དྲན་གསོ་ཞུས་ཏེ་སྒྱུར་བཅོས་སྒོ་དབྱེའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱེད་པ་དང་སྒྱུར་བཅོས་ཀྱི་ཁ་ཕྱོགས་འགན་ལེན་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་འབྱོར་ཕྱུག་ཚུད་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་ནུས་པ་གལ་ཆེན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་འབྱོར་ཕྱུག་ལམ་བུ་དང་བསྐྱར་དར་གྱི་ལམ་བུར་སྐྱོད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
     བྱེད་སྒོ་སྤེལ་ཡུལ་དུ་ཝང་པིང་ལིན་གྱིས་ལོ་རྒྱུས་ཀྱི་དོན་དངོས་གཞི་འཛིན་སར་བྱེད་པ་དང་ཡིག་ཆ་རྨང་གཞིར་བྱས་ཏེ་ཡུན་ནན་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཆེན་གྱི་རྒྱ་ཆེའི་དགེ་སློབ་ཚོར་ཀྲུང་གོས་འབྱོར་ཕྱུག་བརྩོན་ལེན་བྱས་པའི་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་ལམ་བུ་དང་རྩ་ཆེའི་ཉམས་མྱོང་འགྲེལ་བཤད་གཏིང་ཟབ་བརྒྱབ་ཡོད། ཝང་པིང་ལིན་གྱིས“ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ནི་དེང་རབས་ཀྱི་ཀྲུང་གོས་གོམ་ཞེང་ཆེན་པོས་དུས་རབས་ཀྱི་རྗེས་སུ་སྙེག་པ་དང་དུས་རབས་ཀྱི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཞིག་ཡིན་པས། ངེས་པར་དུ་གཡོ་འགུལ་སྤུ་ཙམ་ཡང་མ་ཐེབས་པར་དེར་སྐྱོད་དགོས” ཀྲུང་གོ་ཡར་ལངས་པ་དང་ཕྱུག་པོ་ཆགས་པ་ནས་སྟོབས་ཆེར་གྱུར་པའི་བར་བློ་སྒོ་ཆེན་པོ་གསུམ་འབྱེད་པ་སྟེ། གཅིག་ནི་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ་དང་། གཉིས་ནས་མི་དམངས་ལྟེ་བར་འཛིན་པའི་གཞི་རྩའི་ལངས་ཕྱོགས་མཐའ་འཁྱོངས་བྱས་ནས་མི་དམངས་ཀྱི་བྱེད་པོའི་གནས་བབ་ལ་བརྩི་འཇོག་བྱེད་དགོས་པ། གསུམ་ནས་གཞི་རྩའི་ལམ་ཕྱོགས་མཐའ་འཁྱོངས་ལ་གཡོ་འགུལ་མི་ཐེབས་པ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་འཕགས་རང་བཞིན་འདོན་སྤེལ་གང་ལེགས་བྱེད་དགོས་པ་བཅས་རེད་ཅེས་བཤད།
      བྱེད་སྒོ་དེ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དྲིལ་བསྒྲགས་སློབ་གསོ་ཅུས་དང་འོད་ཟེར་ཉིན་རེའི་ཚགས་པར་གྱིས་མཉམ་དུ་གཙོ་གཉེར་བྱས་ཤིང་། སློབ་ཆེན་སློབ་མ་དང་། དགེ་རྒན། ལས་བྱེད་པ། མང་ཚོགས་བཅས་1200ལྷག་ཙམ་གྱིས་ཡུལ་དངོས་སུ་ཁོང་གི་འཆད་ཁྲིད་ལ་ཉན་པ་དང་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་དྲ་གྲོགས་ཁྲི་200ལྷག་ཙམ་གྱིས་དྲ་ཐོག་ནས་ཁོང་གི་འཆད་ཁྲིད་ལ་བལྟས་པ་རེད།