འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་17ཉིན།

༄༅།།“བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས”དེ་འགྲོ་བ་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་
མིང་གཞུང་ནང་ཚུད་པའི་སྲུང་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་17ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
           མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་12ཚེས་14ཉིན་གནས་ཚུལ་འབྱོར་གསལ། “བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས”སྲུང་སྐྱོང་རྒྱུན་འཛིན་ལ་ཤུགས་སྣོན་རྒྱག་པ་དང་རང་རྒྱལ་གྱི་མངོན་མིན་རིག་གནས་ཤུལ་བཞག་འདུན་ཞུ་དང་ཁ་ཆད་ལག་བསྟར་གྱི་སྲུང་སྐྱོང་ལས་དོན་ལ་སྐུལ་མ་གཏོང་ཆེད། ཚེས་14ཉིན་རིག་གནས་དང་ཡུལ་སྐོར་པུས་པེ་ཅིང་དུ“བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས”དེ་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་འགྲོ་བ་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་མིང་གཞུང་ནང་ཚུད་པའི་སྲུང་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། རིག་གནས་དང་ཡུལ་སྐོར་པུའི་ཏང་ཙུའི་ཧྲུའུ་ཅི་པུའུ་ཀྲང་ལུའོ་ཧྲུའུ་ཀང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
             ལུའོ་ཧྲུའུ་ཀང་གིས“བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས”འདི་ཉིད་འགྲོ་བ་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་མིང་གཞུང་ནང་གྲུབ་འབྲས་ཐོབ་པའི་ངང་ཚུད་པ་དེས“བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས”དང་ཐ་ན་བོད་ཀྱི་གསོ་བ་རིག་པ་སྤྱི་ཡོངས་རྒྱལ་སྤྱིར་སྐད་གྲགས་ཆོད་ཚད་ཆེ་རུ་ཕྱིན་པ་མ་ཟད། ཀྲུང་གོས་བོད་ཀྱི་རིག་གནས་ཚུད་པའི་མི་རིགས་ཁག་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པའི་རྣམ་འགྱུར་གསལ་པོ་མཚོན་པ་དེ་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཀྲུང་གོ་སྲིད་གཞུང་དང་དེ་བཞིན་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་ཆོད་སེམས་དང་འགན་འཁྲི་མངོན་པར་བྱས་ཡོད། “བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས”སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུར་མཐོང་ཆེན་པོ་བྱས་ནས་འབྲེལ་ཡོད་ཁྲིམས་སྲོལ་བཟོ་རྒྱུར་སྐུལ་མ་གཏོང་བ་དང་། ཐོན་ཁུངས་ཀྱི་ཡོངས་ཁྱབ་ཞིབ་བཤེར་དང་དེ་བཞིན་ཡིག་ཚགས་བཟོ་བ་དང་རིག་གཞུང་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། གསོ་སྦྱོང་བརྒྱུད་ནུས་པ་ཆེ་རུ་གཏོང་བ་བཅས་ཀྱི་སྒོ་ནས“སློབ་གྲྭར་ཁྱབ་གདལ་གཏོང་བ”དང“སྡེ་ཁུལ་དུ་ཁྱབ་གདལ་གཏོང་བའི”བྱེད་སྒོར་སྐུལ་མ་བཏང་སྟེ་འདུན་ཞུ་བྱེད་སྐབས་ཀྱི་ཁས་ལེན་ནན་པོ་དག་ལག་ལེན་ཏན་ཏིག་བསྟར་དགོས་ཞེས་བརྗོད་པ་རེད།
           ལུའོ་ཧྲུའུ་ཀང་གིས་མངོན་མིན་རིག་གནས་ཤུལ་བཞག་ལ་འདུན་ཞུ་བྱེད་པའི་ལས་དོན་དེ་ཀྲུང་གོས《མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་སྤྱི་ཆིངས》འཇོག་མཁན་རྒྱལ་ཁབ་ཀྱི་འོས་འགན་ལག་བསྟར་བྱེད་པའི་ནང་དོན་གལ་ཆེན་ཞིག་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་པ་དེས་ཀྲུང་ཧྭའི་རིག་གནས་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་མངོན་པ་དང་། ཀྲུང་ཧྭའི་བུ་ཕྲུག་གི་རིག་གནས་ཀྱི་མོས་སེམས་གཅིག་ཏུ་འགྲིལ་བ། ཀྲུང་ཧྭའི་རིག་གནས་ཀྱིས་རྒྱལ་སྤྱིར་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཕྱིན་པ་བཅས་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་ནན་བཤད་གནང་བ་རེད།
           ལུའོ་ཧྲུའུ་ཀང་གིས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཁ་ཆད་དོན་ལ་འཁེལ་བའི་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་དགོས་པ་དང་། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་རིགས་དབྱེ་སྲུང་སྐྱོང་བྱས་ནས་གསར་བཟོའི་རང་བཞིན་ལྡན་པའི་གཞན་སྒྱུར་དང་གསར་གཏོད་རང་བཞིན་ལྡན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ། མངོན་མིན་རིག་གནས་ཤུལ་བཞག་ལ་འདུན་ཞུ་བྱེད་པའི་ལས་དོན་ནང་ཧུར་ཐག་ཞུགས་ནས་མངོན་མིན་རིག་གནས་ཤུལ་བཞག་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ལྷག་པར་དུ“རྒྱུད་གཅིག་ལམ་གཅིག”རྒྱལ་ཁབ་དང་སྤེལ་རེས་མཉམ་ལས་བྱས་ཏེ་དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་མ་གཏོང་དགོས་པ། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་མངོན་མིན་རིག་གནས་ཤུལ་བཞག་ལ་འདུན་ཞུ་བྱེད་པའི་སྒྲིག་སྲོལ་ཁྱབ་གདལ་ཤུགས་ཆེར་བཏང་སྟེ་སྤྱི་ཚོགས་ཡོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་འདུན་ཞུ་བྱེད་པར་ཕྱི་རོལ་ཡུལ་དང་མཐུན་པའི་སྒོ་ནས་ངོས་འཛིན་ཐུབ་རྒྱུར་ཁྲིད་སྟོན་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།