འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་15ཉིན།

༄༅།།ཀན་ལྷོའི་འབྲོག་ལས་ཤང་དུ་གནམ་གཤིས་གྲང་ཡང་མི་སེམས་དྲོ་ཞིང་སྐྱིད། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་15ཉིན། 15:45】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀན་སུའུ་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རབ་དཀར་ཁ་བས་བཀླུབས་ནའང་རི་མཐོ་ས་གཙང་གི་དགུན་དུས་ཀྱི་ཉི་འོད་ལྷག་པར་དྲོ་ཞིང་འཇམ། ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གཙོས་གྲོང་ཁྱེར་མཛོད་དགེ་སྟོད་མ་ཤང་ནི་གཙོས་གྲོང་ཁྱེར་གྱི་འབྲོག་ལས་ཤང་འབའ་ཞིག་དེ་ཡིན་ལ་ཀན་ལྷོ་ཀྲོའུ་ཡི་གཙོ་གནད་འབྲོག་ལས་ཤང་18ཀྱི་གྲས་ཡིན་ཞིང་། ས་བབ་སྨི་3400ཡན་གྱི་སར་ཡོད་པ་དང་ལོ་རེའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲིའི་ཏུའུ་4ཡིན་པ་རེད།
         “ད་ཆ་ང་ཚོ་གཞིས་ཆགས་ཀྱི་འཚོ་བ་སྐྱེལ་ཐུབ་སོང་། ལམ་བཟོས་པ་དང་གློག་དང་ཆུ་ཚང་མ་རང་ཁྱིམ་དུ་ཁྲིད་ཡོད། ཕྲུ་གུ་སློབ་གྲྭར་སྐྱོད་སྐབས་སྟབས་བདེ་རུ་ཕྱིན་འདུག དེ་སྔ་ང་ཚོ་སྐྱ་སྤོས་ཀྱི་འཚོ་བ་སྐྱེལ་གྱི་ཡོད་པས་ནང་མི་ཚང་མ་གུར་དུ་སྡོད་དགོས་ཀྱི་ཡོད། སྐབས་དེ་དུས་འཚོ་བ་དངོས་ནས་སྐྱོ་པོ་རེད”ཅེས་གྲོང་མི་ཚེ་རིང་གིས་སྔར་སོང་གྱི་འཚོ་བར་ཕྱིན་དྲན་བྱེད་བཞིན་བཤད།
         “འོན་ཀྱང་ད་ཆ་འཚོ་བ་ལེགས་སུ་ཆེན་པོ་ཕྱིན་ཡོད། དངོས་གནས་ཏང་གི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་ཁོ་པས་བློ་ཡིད་ཚིམས་པ་དང་དྲིན་ཚོར་བའི་སྒོ་ནས་དེ་ལྟར་བཤད།
           2013ལོར་གྲོང་ཚོ་འགན་གཙང་ལེན་མཁན་ཤང་གི་ལས་བྱེད་པ་ཚེ་རིང་གི་ཁྱིམ་དུ་བསྐྱོད་ནས་ཁོ་པར་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་བྱས་པ་མ་ཟད། སྡོད་ཁང་འཛུགས་སྐྲུན་གྱི་ཁ་གསབ་དངུལ་རེ་ཞུ་བྱེད་རོགས་དང་ཁོང་དང་ཁོང་གི་བཟའ་ཟླ་ཁྲིད་སྦྱོང་ཁང་དུ་གསོ་ཚགས་ཀྱི་ལག་རྩལ་རིན་མེད་ངང་གསོ་སྦྱོང་བྱེད་པར་བཏང་། སྐབས་དེ་དུས་ནས་བཟུང་ཚེ་རིང་གི་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྤྲོ་སེམས་རྦད་དེ་འཕེལ།
          2014ལོར་ཚེ་རིང་གཟི་བརྗིད་ལྡན་པའི་ངང་དབུལ་པོ་ལས་བསྒྲལ་ཅིང་། “ད་ཆ་ངའི་ཁྱིམ་དུ་གཡག་45དང་ལུག་50ཡོད། ལོ་ལྟར་བཤས་བཏང་བའི་ཡོང་འབབ་ཕུད་ད་དུང་རྩྭ་ཐང་སྣོད་བཅུད་ཁ་གསབ་དང་འོ་མ་དང་ཕྱུར་བ་སོགས་བཙོངས་པའི་ཡོང་འབབ་ཡོད་པས། ཕྱུག་པའི་ལམ་དུ་སྐྱོད་བཞིན་ཡོད”ཅེས་ཤོད་སྐབས་ཁོང་གི་ངོ་གདོང་འཛུམ་གྱིས་ཁེངས།
         “གནམ་གཤིས་གྲང་དུ་སོང་ནའང་ང་ཚོའི་སེམས་པ་དེ་བས་དྲོ། ང་ལ་ད་དུང་ཕུགས་འདུན་གཉིས་ཡོད། གཅིག་ནི་ཕྲུ་གུ་སློབ་གྲྭ་ཆེ་མོར་རྒྱུགས་སྤྲོད་པ་དང་། གཅིག་ཤོས་ནི་རླངས་འཁོར་ཆུང་ཆུང་ཞིག་ཉོས་ནས་ནང་མི་རྣམས་ཕྱི་ལ་ལྟ་བར་འཁྲིད་འདོད་འདུག”ཅེས་ཚེ་རིང་གིས་བརྗོད།
          ཚེ་རིང་གི་འཚོ་བའི་འགྱུར་ལྡོག་ནི་དགོན་པ་སོ་མ་གྲོང་ཚོའི་འཕེལ་རྒྱས་དང་འགྱུར་ལྡོག་གི་བསྡུས་རིས་ཙམ་རེད།
          དགོན་པ་སོ་མ་གྲོང་ཚོར་སྐྱོད་སྐབས། མིག་ལམ་དུ་འཆར་བ་ནི་ཕན་ཚུན་བསྣོལ་ནས་བསྐྲུན་པའི་བོད་ལུགས་སྡོད་ཁང་དང་རྒྱ་ཆེ་ལ་གཙང་བའི་གཞུང་ལམ་ཐད་ཀར་རྒྱང་རིང་བར་ཤར་གཏོང་ཐུབ་པའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་མངོན།
         མཛོད་དགེ་སྟོད་མ་ཤང་ཏང་ཨུད་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར། དེ་སྔ་དགོན་པ་སོ་མ་གྲོང་ཚོའི་སྡོད་ཁང་ཚང་མ་ཐོག་དཔངས་དམའ་བའི་ས་ཕག་གི་ཁང་པ་ཡིན་པ་དང་ལམ་ཡང་འདམ་རྫབ་ཀྱིས་ཁེངས་ཡོད། ན་ནིང་ཟླ་8པར་དགོན་པ་སོ་མ་གྲོང་ཚོས་ཀན་ལྷོ་ཀྲོའུ་སྣོད་བཅུད་ཤེས་དཔལ་འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན་རྣམ་གྲངས་བརྩོན་ལེན་བྱས་ཏེ་གྲོང་ཚོའི་མ་ལམ་དང་སྡོད་ཁང་མདུན་གྱི་ལམ་མཁྲེགས་སྒྱུར་བྱས་པ་མ་ཟད། གྲོང་མིའི་ཐང་ཆེན་དང་། ཕྱུགས་ཚང་དྲོད་གཏོང་། དུད་ཚང་ལ་གསང་སྤྱོད་གསར་སྐྲུན། མ་ལམ་གྱི་ཆུ་སྦུག གད་སྙིགས་སྦ་ས་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་བཏང་ནས་འབྲོག་པ་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཁར་གྲོང་ཚོའི་རྣམ་པར་ཡང་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།
          གྲངས་གཞི་ཞིག་ལས་དགོན་པ་སོ་མ་གྲོང་ཚོའི་འགྱུར་ལྡོག་མཚོན་ཞིང་། གྲོང་ཚོ་ཡོངས་ཀྱི་དུད་ཚང་114ཡི་མི་601ལས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་66གི་མི་319ཡོད་པ་དང་ན་ནིང་ལོ་མཇུག་བར་དུད་ཚང་65ཡི་མི་316ཚང་མ་དབུལ་པོ་ལས་བསྒྲལ་ནས་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་6230ཟིན་ཡོད་པ་རེད།
        གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་སྟོབས་ཆེ་ཆུང་དེ་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་དང་ཐད་ཀར་འབྲེལ་བ་ཡོད་ལ་དབུལ་སྐྱོར་ལས་དོན་གྱི་གྲུབ་འབྲས་དང་ཡང་འབྲེལ་བ་ཡོད།
        དགོན་པ་སོ་མ་གྲོང་ཚོར་རྒྱ་ཆེའི་བའི་རྩྭ་ར་ཡོད་པས་གྲོང་ཚོའི་འགོ་ཁྲིད་ཚན་ཁག་གིས་རྩྭ་ཐང་གི་ལེགས་ཆར་བརྟེན་ནས་མཉམ་སྡེབ་འབྲོག་ར་གསར་སྐྲུན་བྱས་ཡོད། མིག་སྔའི་བར་དགོན་པ་སོ་མ་གྲོང་ཚོའི་མཉམ་སྡེབ་འབྲོག་རར་དེ་སྔའི་འབྲི་གཡག་30ནས་ད་ལྟ་100བར་མང་དུ་ཕྱིན་པ་དང་། དཔལ་འབྱོར་སྤྱི་འབོར་ཡང་དེ་སྔའི་སྒོར་ཁྲི་8ནས་ད་ཆའི་སྒོར་ཁྲི་40བར་ཟིན་ཡོད་པ་རེད། ལོ་ལྟར་ནོར་ལུག་བཤས་བཏང་ནས་ཡོང་འབབ་སྒོར་ཁྲི་བཞི་ལྔ་ཡོང་གི་ཡོད་པས་དུད་ཚང་དབུལ་པོ་15ཐད་ཀར་སྐུལ་ཁྲིད་བྱས་ཡོད།
         དགོན་པ་སོ་མ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་གཉིས་པ་ནི་འོད་ཤུགས་གློག་ཁང་ཡིན་ཞིང་། འདི་ནི་དགོན་པ་སོ་མ་གྲོང་ཚོས་འདི་ལོ་བརྩོན་ལེན་བྱས་པའི“གཙོས་གྲོང་ཁྱེར་གྱི་2018ལོའི་འོད་ཤུགས་དབུལ་སྐྱོར་རིམ་པའི་གློག་ཁང་གི་རྣམ་གྲངས”རེད། ཁྱོན་མ་དངུལ་སྒོར་ཁྲི་242བཏང་བའི་རྣམ་གྲངས་དེ་འཆར་གཞི་བྱས་ན་སང་ལོ་ནས་བཟུང་གཉེར་སྐྱོང་བྱེད་འགོ་ཚུགས་རྒྱུ་དང་སྔོན་རྩིས་བྱས་ན་ལོ་ལྟར་ཕན་འབྲས་སྒོར་ཁྲི་40ལྷག་ཟིན་རྒྱུ་རེད།
          རུ་བ་སྐྱས་སྤོ་ནས་གཞིས་ཆགས་བར་དང་། རྩྭ་ཐང་ནས་གྲོང་ཚོ་དང་གྲོང་རྡལ་བར། གོག་ཧྲུལ་ཐབས་ཆག་གི་གུར་ནས་དཀར་ཆ་དོད་ལ་དྲོ་སྐྱིད་ལྡན་པའི་སྡོད་ཁང་གསར་པ་བར་མི་རབས་ནས་མི་རབས་སྐྱ་སྤོས་འཚོ་བ་བསྐྱལ་བའི་དགོན་པ་སོ་མ་གྲོང་ཚོའི་གྲོང་མི་ཚོས་སྲོལ་རྒྱུན་གྱི་འབྲོག་ལས་འཚོ་བ་དོར་ནས་ད་ཆ་བདེ་སྐྱིད་ཀྱི་འཚོ་བ་གསར་པ་སྐྱེལ་བཞིན་ཡོད་པ་རེད།