འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་14ཉིན།

༄༅།།གསར་བརྗེའི་ས་བོན་འདི་ནས་འཕེལ། 

—— “གངས་ལྗོངས་ས་མཐོའི་ཤེས་ལྡན་པའི་འབྱུང་གནས་དང་པོར”གྲགས་པའི་ཆབ་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་ཉིན་གཅིག 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་14ཉིན། 12:40】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
ལོ་རིམ་བཞི་པའི་སློབ་ཕྲུག་ཚོས་མི་རིགས་ཀྱི་གྱོན་ཆས་གྱོན་ནས་ཆབ་མདོའི་སྲོལ་རྒྱུན་གྱི་པི་ཝང་ཞབས་བྲོ་ནང་སྦྱོང་བྱེད་བཞིན་པ།
ལོ་རིམ་བཞི་པའི་སློབ་ཕྲུག་ཚོས་མི་རིགས་ཀྱི་གྱོན་ཆས་གྱོན་ནས་ཆབ་མདོའི་སྲོལ་རྒྱུན་གྱི་པི་ཝང་ཞབས་བྲོ་ནང་སྦྱོང་བྱེད་བཞིན་པ།
          ནག་པང་དང་ས་སྨྱུག་ནས་བརྒྱུད་ལམ་སྣེ་མང་ཅན་བར།
           ཆབ་མདོ་ནི་རྒྱལ་ལམ་317རྒྱུད་དུ་གནས་ཤིང་། ལྷ་ས་དང་བར་ཐག་སྤྱི་ལེ་ཆིག་སྟོང་ལྷག་ཙམ་ཡོད། 1951ལོའི་ཟླ་1ཚེས་20ཉིན་བཙུགས་པའི་ཆབ་མདོའི་དགུན་དལ་སློབ་གྲྭ་ནི་ཆབ་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་སྔར་མིང་ཡིན་ཞིང་། འདི་ནི་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ལ་བཙུགས་པའི་དེང་རབས་ཀྱི་སློབ་ཆུང་དང་པོ་དེ་རེད་ལ་བོད་ཀྱི་དེང་རབས་སློབ་གསོ་དར་འགོ་ཚུགས་སའང་རེད།
          ཟླ་12ཚེས་10ཉིན། གསར་འགོད་པས་བོད་དུ་སྐད་གྲགས་ཡོད་པའི་སློབ་གྲྭ་དེར་བསྐྱོད་པ་ཡིན།
         ཆུ་ཚོད་9པའི་ཐོག
         སློབ་ཚན་འཚོགས་པའི་དྲིལ་བརྡ་གྲགས་པ་དང་བསྟུན་ནས་ལོ་རིམ་དྲུག་པའི་རྒྱ་ཡིག་དགེ་རྒན་སུན་ཡ་ཅེས་སློབ་མ་རྣམས་དེང་རབས་ཅན་གྱི་སློབ་ཁང་ནང་སྡོད་དུ་བཅུག་སྟེ་གློག་ཀླད་ཁ་ཕྱེ་ནས་སློབ་ཚན་འཁྲིད་འགོ་ཚུགས།
        སློབ་ཁང་གི་སྒྲོག་ཙེ་Sདབྱིབས་ལྟར་བསྒྲིགས་ཡོད་ཅིང་། རྒན་སུན་ལགས་ཀྱིས་ངོས་སྙོམས་གློག་ཀླད་འཁྱེར་ཏེ་བརྙན་ཤེལ་དང་སློབ་མའི་ལག་ཐོག་གི་ངོས་སྙོམས་གློག་ཀླད་དུ་སྦྱོང་གཞི་བསྟན།
        ཆུ་ཚོད་9དང་སྐར་མ་45ཡི་ཐོག
        ལོ་རིམ་ལྔ་པའི་སློབ་དཔྱོད་ཁང་དུ་ཨང་རྩིས་དགེ་རྒན་ཚེ་རིང་མཚོ་མོས་གློག་ཀླད་ཐོག“ཤིང་འཛུགས་ཀྱི་གནད་དོན”ཞེས་པའི་ས་བཅད་ཀྱི་སློབ་ཁྲིད་PPTབཟོ་བཞིན་ཡོད་ཅིང་། སྒྲོག་ཙེའི་ཐོག་སྦྱོང་དེབ་དང་སྦྱོང་གཞི་སོགས་བརྩིགས་ནས་བཞག་འདུག
        གསར་འགོད་པ་བརྒྱུད་ལམ་སྣེ་མང་ཅན་མཉམ་འགུལ་ལྟ་ཀློག་ཁང་དུ་བསྐྱོད་སྐབས། འཛིན་གྲྭ་གཅིག་གི་སློབ་མ་རྣམས་ཀློག་འདོན་བྱེད་བཞིན་ཡོད་ཅིང་། སློབ་མ་མང་པོ་ཞིག་གིས་རི་མོ་བཀོད་པའི་དཔེ་དེབ་ཀློག་བཞིན་འདུག
        དེ་སྔའི་ཆབ་མདོའི་དགུན་དལ་སློབ་གྲྭ་འཛུགས་སྐབས་འཛིན་གྲྭ་3དང་། དགེ་རྒན་10ལྷག་ཙམ། སློབ་མ་60ལྷག་ཙམ་ལས་མེད་པ་དང་། སློབ་གྲྭར་ཁང་པ་ཐོག་གཅིག་མ་ཐབས་ཆག་སྟར་པ་འགའ་ཤས་ལས་མེད་པར་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་བརྒྱ་ཕྲག་ལས་མེད།
        ད་ཆའི་ཚོད་ལྟའི་སློབ་ཆུང་ལ་འཛིན་གྲྭ་38དང་། དགེ་རྒན་དང་ལས་བཟོ་152 སློབ་མ་2240བཅས་ཡོད་པ་མ་ཟད། སློབ་ཁྲིད་ཐོག་ཁང་དང་། ཕྱོགས་བསྡུས་ཐོག་ཁང་། ཉལ་ཁང་སོགས་སྒྲིག་བཀོད་ཆ་ཚང་པོ་ཡོད་པར་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་1.5ཡོད།
        འགྱུར་ལྡོག་ཆེ་ཤོས་ཤིག་ནི་སློབ་ཁྲིད་བྱེད་སྟངས་དང་སློབ་ཁྲིད་ཐབས་ལམ་ཁྲོད་ནས་མངོན་ཞིང་། སློབ་ཁྲིད་ཀྱི་ལས་ལ་གཞོལ་ནས་ལོ་28སོང་བའི་དགེ་རྒན་པ་སངས་མཚོ་མོས“དེ་སྔ་སློབ་ཁྲིད་བྱེད་སྟངས་སྣ་གཅིག་ལས་མེད། ད་ཆ་བརྒྱུད་ལམ་སྣེ་མང་ཅན་སྤྱད་དེ་སློབ་ཁྲིད་གྲ་སྒྲིག་བྱེད་བདེ་པོ་འདུག་ལ་སློབ་ཚན་གྱི་རྣམ་པའང་འཁྲུག་ཏུ་སོང་ཡོད”ཅེས་བཤད།
         དཔེ་ཁྲིད་གོང་ལ་མི་སྣ་བསྐྱངས་ཏེ་གསར་བརྗེའི་ས་བོན་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད།
        དགེ་སློབ་ཚོས་རྒྱལ་དར་བསྒྲེངས་ཟིན་རྗེས། དགེ་རྒན་གྱིས་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་ཞིག་བཀླགས་ནས་ལོ་རིམ་གསུམ་པའི་སློབ་མ་བསྟན་འཛིན་གཡུལ་རྒྱལ་དང་འཇམ་དབྱངས་བཀྲ་ཤིས་ཀྱིས་རྒྱུ་དངོས་རྙེད་ཀྱང་མི་གསང་བའི་སྤྱོད་བཟང་ངོ་སྤྲོད་བྱས་ཤིང་། སློབ་གྲྭའི་འགོ་ཁྲིད་ཀྱིས་སློབ་མ་གཉིས་པོར་ཁ་གཏགས་གཡོགས་པ་དང་བྱ་དགའ་སྤྲད་དེ་ཚང་མས་ཁོ་གཉིས་ལ་སློབ་སྦྱོང་བྱེད་དགོས་པའི་འབོད་སྐུལ་བྱས།
        སློབ་ཁྲིད་ཐོག་ཁང་གི་བར་འཁྱམས་ནང་མི་རིགས་མཐུན་སྒྲིལ་དང་བོད་གསར་རྙིང་བསྡུར་བ་སོགས་ཀྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་པར་རིས་སྦྱར་འདུག
        སློབ་གྲྭའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་བསོད་གཡང་གིས“ང་ཚོས་སྔར་ནས་བཟུང་གསར་བརྗེའི་ས་བོན་རྒྱུན་འཛིན་ལ་མཐོང་ཆེན་བྱས་ནས་གསར་བརྗེའི་ཀུན་སྤྱོད་སློབ་གསོ་དང་སློབ་ཁང་དུ་སློབ་ཁྲིད་དང་སྤྱི་ཚོགས་ཀྱི་ལག་ལེན་དངོས་སོགས་ཕན་ཚུན་ཟུང་འབྲེལ་གྱི་མི་སྣ་གསོ་སྐྱོང་གི་མ་ལག་ཞིག་ཆགས་ནས་ཚད་ལོན་པའི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱ་རྒྱུར་གཞོལ་བཞིན་ཡོད”ཅེས་བཤད།
        ཆུ་ཚོད་11དང་སྐར་མ་45ཡི་ཐོག
        སྐྲ་སྐྱ་ཕྱེད་སྔོ་ཕྱེད་དུ་གྱུར་ཀྱང་སྙིང་སྟོབས་ཀྱི་དཔལ་འབར་བའི་ཆབ་མདོ་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཐུབ་དགའ་སློབ་གྲྭའི་བཤམས་སྟོན་ཁང་དུ་སླེབས་ཤིང་། ཁོང་གི་སྤོ་བོ་ཝང་ཐིང་ཞོན་དེ་སྔ་ཆབ་མདོ་དགུན་དལ་སློབ་གྲྭའི་འགོ་འཛིན་ཡིན་པ་དང་། གཅེན་གཅུང་ཚང་མ་སློབ་གྲྭ་འདིར་སློབ་སྦྱོང་བྱས་ཡོད་ལ་ཁོང་གི་བཟའ་ཟླའང་དེ་སྔ་སློབ་གྲྭ་འདིའི་དགེ་རྒན་རེད།
         1953ལོར་སྐྱེས་པའི་ཁོང་ནི་ཆབ་མདོ་སློབ་ཆུང་ནས་ཐོན་རྗེས་ཚད་ལྡན་སློབ་འབྲིང་གི་སློབ་གསོ་དངོས་སུ་དང་ལེན་བྱེད་མྱོང་མེད་མོད། འོན་ཀྱང་1977ལོར་ཧྭ་ཏུང་དགེ་འོས་སློབ་ཆེན་དུ་བདེ་བླག་ངང་རྒྱུགས་འཕྲོད་ཡོད།
          “ཚོད་ལྟའི་སློབ་ཆུང་དུ་ངར་རྨང་གཞི་བརྟན་པོ་ཞིག་འདིང་རྒྱུ་བྱུང་། རྒན་ལགས་ཀྱིས་ང་ཚོའི་ཆེད་སེམས་ནུས་ཡོད་རྒུ་བཏོན་ཡོད”ཅེས་ཐུབ་དགས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།
        སློབ་གྲྭ་བཙུགས་ནས་ད་བར། ཚོད་ལྟའི་སློབ་ཆུང་གིས་སློབ་ཐོན་སློབ་མ་ཁྱོན་14000ལྷག་ཙམ་གསོ་སྐྱོང་བྱས་ཤིང་། སློབ་མ་མང་པོ་ཞིག་ལས་རིགས་ཁག་གི་རྐང་འཛིན་པར་གྱུར་ཡོད། དེའི་ནང་གི་མང་པོ་ཞིག་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་ཡིན་པ་དང་། འགའ་རེ་རྒྱལ་ཁབ་ཀྱི་འགོ་ཁྲིད་ལ་གྱུར་ཡོད།
         ཉི་གཞོན་ལ་ཕྱོགས་ཏེ་ཞབས་བྲོའི་ཉམས་འགྱུར་ངོམ།
        ཆུ་ཚོད་15ཡི་ཐོག
         མཛེས་རྩལ་སློབ་ཁང་ནང་རྒན་བཀྲ་ཤིས་རྒྱ་མཚོས་སློབ་མར་ཤོག་དྲས་འདྲ་གཟུགས་བྲེག་སྟངས་དང་ཆུ་ཚོན་རི་མོ་འབྲི་སྟངས་ལ་མཛུབ་ཁྲིད་བྱེད་བཞིན་འདུག
         སྒྲོག་ཙེ་གཞན་ཞིག་གི་སློབ་མ་བཞི་ཡིས་ཆུ་ཚོན་རི་མོ་ཞིག་མཉམ་དུ་བྲིས་ནས་ཚོན་གཏོང་བཞིན་ཕན་ཚུན་དགོད་བསླངས་ཏེ་མཛེས་རྩལ་གྱི་སྤྲོ་བ་མྱོང་བཞིན་ཡོད།
         ཆུ་ཚོད་16ཐོག
         ལུས་རྩལ་ཐང་དུ་མི་རིགས་ཀྱི་གྱོན་ཆས་གྱོན་པའི་ལོ་རིམ་བཞི་པའི་སློབ་མ་ཚོས་ཆབ་མདོའི་སྲོལ་རྒྱུན་གྱི་པི་ཝང་ཞབས་བྲོ་ནང་སྦྱོང་བྱེད་བཞིན་འདུག
         ལོ་རིམ་བཞི་པའི་སློབ་མ་གཡང་དགའ་ཆོས་སྒྲོན་གྱི་མིག་ཟུང་བཀྲག་མདངས་ཆེ་བ་དང་། སྟངས་སྟབས་ཡང་ཤ་དོད་པ། ཉམས་འགྱུར་ལྡན་པ། ངོ་གདོང་ལས་འཛུམ་མདངས་འཕྱུར་ནས་འདུག
          “ལོ་རིམ་དང་པོ་ནས་ཞབས་བྲོ་སྦྱངས་པ་ཡིན། ཞབས་བྲོ་འཁྲབ་དུས་ཧ་ཅང་སྐྱིད་པོ་འདུག”ཅེས་བཤད།
          བསོད་གཡང་གིས་སློབ་གྲྭས་ཕུལ་བྱུང་གི་མི་རིགས་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་འགོ་འཛུགས་སར་བྱས་ནས་སྲོལ་རྒྱུན་གྱི་པི་ཝང་ཞབས་བྲོ་དེ་སློབ་གསེང་གི་ལུས་རྩལ་དུ་སྒྱུར་བཟོ་བྱས་ཡོད་པས་སློབ་མ་ཚང་མས་འཁྲབ་ཤེས་ཀྱི་ཡོད་ཅེས་བཤད།
          སློབ་གྲྭ་བཙུགས་ནས་ད་བར། སློབ་གྲྭར་སྔ་རྗེས་སུ“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་མཉམ་སྡེབ”དང“དེང་རབས་སློབ་གསོའི་ལག་རྩལ་ཚོད་ལྟའི་སློབ་གྲྭ”སོགས་རྒྱལ་ཁབ་རིམ་པའི་མཚན་སྙན་ཁག་17དང་རང་སྐྱོང་ལྗོངས་རིམ་པའི་མཚན་སྙན་ཁག་18ཐོབ་ཡོད།
          ཆུ་ཚོད་17དང་སྐར་མ་20ཡི་ཐོག
          རིམ་བཞིན་ས་རུབ་པས་སློབ་གྲྭའི་སྒོ་འགྲམ་དུ་ཁྱིམ་བདག་མང་པོ་ཞིག་སླེབས་འདུག
          ལོ་རིམ་དྲུག་པའི་སློབ་མའི་ཁྱིམ་བདག་ཉི་དགའ་ཡིས“ཕྲུ་གུར་སློབ་གྲྭ་ནས་ཤེས་བྱ་མང་པོ་ཤེས་འདུག་ལ་བསམ་ཤེས་ཐུབ་རུའང་ཕྱིན་འདུག ཕྲུ་གུ་ནང་སའི་བོད་ལྗོངས་འཛིན་གྲྭར་རྒྱུགས་འཕྲོད་ནས་དེ་བས་མང་བའི་ཤེས་བྱ་སྦྱངས་ཏེ་སྤྱི་ཚོགས་ལ་ཕན་པའི་མི་ཞིག་ཆགས་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཞུའེ་ཝུན་ཤན་དང་ཐེན་ཅིན་ཝུན)
ཨང་རྩིས་དགེ་རྒན་གྱིས་གཞུང་ལས་ཁང་དུ་PPTབཟོས་ནས་སློབ་ཚན་གྲ་སྒྲིག་བྱེད་བཞིན་པ།
ཨང་རྩིས་དགེ་རྒན་གྱིས་གཞུང་ལས་ཁང་དུ་PPTབཟོས་ནས་སློབ་ཚན་གྲ་སྒྲིག་བྱེད་བཞིན་པ།
སློབ་མ་ཚོས་དེང་རབས་ཅན་གྱི་སློབ་ཁང་ནང་སློབ་ཚན་ཚོགས་བཞིན་པ།
སློབ་མ་ཚོས་དེང་རབས་ཅན་གྱི་སློབ་ཁང་ནང་སློབ་ཚན་ཚོགས་བཞིན་པ།