འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་13ཉིན།

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པས་ཡོ་རོབ་གྲོས་ཚོགས་ལ་འཚམས་འདྲི་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་13ཉིན། 16:08】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
           མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་11ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་མི་རིགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་སྣེ་ཁྲིད་པའི་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པས། ཧྥ་རན་སེའི་སི་ཐེ་ལ་སི་པའོ་དུ་གནས་ཡོད་པའི་ཡོ་རོབ་གྲོས་ཚོགས་ལ་འཚམས་འདྲི་གནང་ཞིང་། རང་ཉིད་ཀྱི་མྱོང་བརྒྱུད་ཐོག་ནས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་ཚུལ་བརྗོད་དེ་ཡོ་རོབ་ཕྱོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་ཧུར་ཐག་གིས་ལན་སློག་ཡོད།
           ཡོ་རོབ་གྲོས་ཚོགས་ཀྱི་གྲོས་དཔོན་གཞོན་པ་ཕཱ་ཕཱ་ཏི་མོ་ལི་སི་དང་མཇལ་འཛོམས་གནང་སྐབས། བློ་བཟང་རྒྱལ་མཚན་གྱིས། ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་འགོ་ཁྲིད་འོག་དང་ཏང་གི་མི་རིགས་སྲིད་ཇུས་ཀྱི་ཡང་དག་པའི་ཁྲིད་སྟོན་འོག སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་རང་བཞིན་དེ་བོད་ལྗོངས་སུ་གང་ལེགས་ཀྱིས་མངོན་ཡོད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་ངང་གོང་འཕེལ་བྱུང་ཞིང་། སྤྱི་ཚོགས་ཀྱི་སྤྱིའི་རྣམ་པ་འཆམ་མཐུན་བརྟན་ལྷིང་ཡིན་ལ། མི་རིགས་མཐུན་སྒྲིལ་དང་དམངས་འཚོ་ལེགས་བཅོས་བྱུང་ཡོད། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད་པ་དང། ཆོས་དད་རང་མོས་ལ་བརྩི་འཇོག་གང་ལེགས་ཐོབ་པ། སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོང་དང་རྒྱུན་འཛིན་ཐུབ་ནས། བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཚོས་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད་ཅེས་དང་། "རྣ་ཐོས་བརྒྱ་ལས་མཐོང་གཅིག་དགའ"ཞེས་པ་ལྟར། ཡོ་རོབ་གྲོས་ཚོགས་ཀྱི་གྲོས་མི་སྔར་བས་མང་པོ་བོད་ལྗོངས་སུ་གཟིགས་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུ་ཞེས་བརྗོད་པར། ཕཱ་ཕཱ་ཏི་མོ་ལི་སི་ཡིས། འཐུས་མི་ཚོགས་པ་ཡོ་རོབ་གྲོས་ཚོགས་སུ་ཕེབས་པ་འདིས་ང་ཚོར་ཕྱོགས་ཡོངས་དང་གཏིང་ཟབ་པའི་སྒོ་ནས་བོད་ལྗོངས་ལ་རྒྱུས་ལོན་བྱེད་པའི་གོ་སྐབས་རྩ་ཆེན་ཞིག་རག་ཡོད་པ་དང་། ཀྲུང་གོ་ཕྱོགས་དང་རྒྱུན་གཏན་རང་བཞིན་གྱི་གླེང་མོལ་དང་སྤེལ་རེས་རྒྱུན་འཁྱོངས་བྱས་ཏེ་ཕན་ཚུན་བར་ལ་རྒྱུས་ལོན་དང་ཡིད་ཆེས་བྱེད་ཤུགས་ཟམ་མི་ཆད་པར་ཇེ་ཟབ་ཏུ་གཏོང་འདོད་ཡོད་པ་བསྟན་ཡོད།
         ཡོ་རོབ་གྲོས་ཚོགས་ཀྱི་ཡོ་རོབ་དང་ཀྲུང་གོའི་མཛའ་འབྲེལ་ཚོགས་ཆུང་གི་ཀྲུའུ་ཞི་ཏེ་ཝ་དང་མཇལ་འཛོམས་གནང་སྐབས། ཕྱོགས་གཉིས་པོས་བོད་ལྗོངས་ཀྱི་ལོ་རྒྱུས་དང་དངོས་ཡོད་སྐོར་ནས་བསམ་ཚུལ་བརྗེ་རེས་བྱས་ཡོད། བློ་བཟང་རྒྱལ་མཚན་གྱིས་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་60ལྷག་ཙམ་དང་། སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40སོང་རིང་། ལྷག་པར་དུ་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་ངོ་སྤྲོད་བྱས་པ་བརྒྱུད། ཏཱ་ལའི་རུ་ཚོགས་ཀྱིས་རྒྱལ་ཁབ་ཁ་ཕྲལ་གཏོང་བའི་ངོ་བོར་ཐེར་འདོན་བྱས་ཡོད། ཏེ་ཝ་ཡིས་རང་ཉིད་བོད་ལྗོངས་སུ་འཚམས་འདྲིར་བསྐྱོད་སྐབས་ཀྱི་རྣམ་པ་ལ་ཕྱིར་དྲན་བྱས་ནས་བཤད་རྒྱུར། ཕྱོགས་ལྷུང་གི་སེམས་པ་བཟུང་ན་བོད་ལྗོངས་ཀྱི་དོན་དངོས་གནས་ཚུལ་ཤེས་ཐབས་བྲལ་བ་དང་། ཡོ་རོབ་གྲོས་ཚོགས་ཀྱི་ཡོ་རོབ་དང་ཀྲུང་གོའི་མཛའ་འབྲེལ་ཚོགས་ཆུང་གིས་མུ་མཐུད་ཡོ་རོབ་གྲོས་ཚོགས་སུ་བོད་ལྗོངས་གོང་དུ་སྤེལ་བར་ཀྲུང་གོ་ཕྱོགས་ཀྱིས་འབད་པ་བྱེད་བཞིན་ཡོད་ཚུལ་མཚམས་སྦྱོར་བྱས་ཏེ། ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུ་ཡིན་ཞེས་བརྗོད།
        འཐུས་མི་ཚོགས་པ་ད་དུང་ཡོ་རོབ་ཨུ་ཡོན་ལྷན་ཁང་གྲོས་ཚོགས་དང་ཡོ་རོབ་འགྲོ་བ་མིའི་ཐོབ་ཐང་ཁྲིམས་ཁང་དུ་འཚམས་འདྲིར་བསྐྱོད་ཡོད་ཅིང་། གསོན་ཉམས་ལྡན་པའི་དཔེ་མཚོན་ཞིབ་ཕྲ་ལ་བརྟེན་ནས་བོད་ལྗོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོང་སོགས་ཐད་ཀྱི་སྲིད་ཇུས་དང་བྱེད་ཐབས་མཚམས་སྦྱོར་བྱས་པར། ཡོ་རོབ་ཕྱོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད།
        འཐུས་མི་ཚོགས་པས་ད་དུང་མུ་མཐུད་ཡོ་རོབ་ཀྱི་རྒྱལ་ཁབ་ཁ་ཤས་ལ་འཚམས་འདྲི་བྱ་རྒྱུ་རེད།