༄༅༎རྒྱལ་སྤྱིའི་ནུས་རྒྱུ་ཧྲུའི་ཧྲུའུ་ཀྲང་གིས་ཀྲུང་གོའི་ཐཱན་ཁྲོམ་རས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མིག་དཔེ་སྟོན་རྒྱུ་ཡིན་ཞེས་བརྗོད་པ།
གསར་འགྱུར་སྤེལ་དུས། 【2018ལོའི་ཟླ་ 12ཚེས་13ཉིན། 14:38】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་ཕོ་ལན་གྱི་གྲོང་ཁྱེར་ཁཱ་ཐོ་ཝུའེ་ཙི་ནས་ཟླ་12ཚེས་10ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྤྱིའི་ནུས་རྒྱུ་ཧྲུའི་ཧྲུའུ་ཀྲང་ཧྥ་ཐི་ཧོ་·པི་ལོར་གྱིས་ཚེས་10ཉིན། ཀྲུང་གོའི་ཐཱན་འབུད་གཏོང་ཉོ་ཚོང་ཁྲོམ་ར་ཕྱོགས་ཡོངས་ནས་བསྐྲུན་ཟིན་རྗེས་འཛམ་གླིང་ཐོག་གི་ཐཱན་འབུད་གཏོང་ཁྲོམ་ར་ཆེ་ཤོས་སུ་འགྱུར་རྒྱུ་ཡིན་ལ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་ལའང་མིག་དཔེ་བསྟན་རྒྱུ་མ་ཟད། རྒྱལ་ཁབ་དེ་དག་གིས་ཐཱན་འབུད་གཏོང་ཁྲོམ་ར་འཛུགས་རྒྱུར་བློ་སྐྱེད་ཡོང་རྒྱུ་རེད་ཅེས་བརྗོད།
པེ་ལོར་གྱིས་ཉིན་དེར་འཚོགས་པའི་ཁཱ་ཐོ་ཝུའེ་ཙིའི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་གྱི་“ཀྲུང་གོའི་ངོས་ཟུར”ཞེས་པའི་ཐཱན་འབུད་གཏོང་ཁྲོམ་རའི་ཟུར་ཚོགས་ལ་ཞུགས་ནས་ཤིས་ཚིག་གསུང་སྐབས། ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་བཅས་ཐད་ཀྲུང་གོར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་འཛམ་གླིང་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། ན་ནིང་གོ་ལ་ཧྲིལ་པོའི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་གློག་གཏོང་འཕྲུལ་འཁོར་ནས་གློག་གཏོང་ཚད་ཕྱེད་ཀ་ཙམ་ཀྲུང་གོར་ཡོད་པ་མ་ཟད། ན་ནིང་གོ་ལ་ཧྲིལ་པོའི་གློག་སྒུལ་རླངས་འཁོར་ཕྱེད་ཀ་ཙམ་ཀྲུང་གོས་བཟོས་ལ། ད་དུང་ཀྲུང་གོས་གོ་ལ་ཧྲིལ་པོར་གློག་སྒུལ་སྤྱི་སྤྱོད་རླངས་འཁོར་ཁྱབ་གདལ་གཏོང་རྒྱུར་གཞོལ་བཞིན་ཡོད་ཅེས་བརྗོད།
ཀྲུང་གོའི་གནམ་གཤིས་འགྱུར་ལྡོག་ལས་དོན་གྱི་དམིགས་བསལ་སྐུ་ཚབ་ཞེ་ཀྲེན་ཧྭས་ཤིས་ཚིག་གསུང་སྐབས། གནམ་གཤིས་འགྱུར་ལྡོག་ནི་མིའི་རིགས་ཚང་མར་ཐུན་མོང་ཐོག་འཕྲད་པའི་འགྲན་སློང་དྲག་པོ་ཞིག་རེད། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་མ་ཧུར་ཐག་གཏོང་རྒྱུ་དེ་གོ་ལ་ཧྲིལ་པོའི་ཐུན་མོང་གི་ངོས་འཛིན་དང་འཕེལ་ཕྱོགས་ཆེན་པོ་ཞིག་ཏུ་གྱུར་ཞིང་། ཉེ་བའི་ལོ་ཤས་རིང་། ཀྲུང་གོས་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་ལྗང་མདོག་དང་། ཐཱན་ཉུང་། འཁོར་སྐྱོད་ཐུབ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་ཧུར་ཐག་བསྐྱོད་དེ། ཐོན་ལས་ཀྱི་གྲུབ་ཆ་བཟང་སྒྲིག་དང་། ནུས་རྒྱུ་གྲོན་ཆུང་། ཕན་ནུས་ཆེར་གཏོང་། འགྱུར་རྡོ་མིན་པའི་ནུས་རྒྱུ་འཕེལ་རྒྱས། ནགས་ཚལ་གྱི་ཐཱན་འདུས་ཆེར་གཏོང་། རྒྱལ་ཡོངས་ཀྱི་ཐཱན་འབུད་གཏོང་དབང་ཆའི་ཉོ་ཚོང་ཁྲོམ་ར་འཛུགས་པ་སོགས་ཀྱི་བྱ་ཐབས་མང་པོ་སྤྱད་པར་ཕན་འབྲས་ཡག་པོ་ཐོན་ཡོད་ཅེས་བརྗོད།
ཞེ་ཀྲེན་ཧྭས་ཁྲོམ་རའི་ལམ་སྲོལ་ཞིག་ཡིན་པའི་ཐཱན་འབུད་གཏོང་ཉོ་ཚོང་གིས་འབུད་གཏོང་གི་མ་གནས་ཧྲིལ་པོ་ཉུང་དུ་ཏན་ཏིག་བཏང་ནས་དྲོད་ཁང་གི་རླངས་གཟུགས་འབུད་ཚད་ཚོད་འཛིན་བྱེད་པའི་དམིགས་ཚད་བསྒྲུབས་ཏེ་ལག་རྩལ་ཡར་རྒྱས་དང་ཐོན་ལས་གྲུབ་ཆ་རིམ་སྤོར་ཡོང་བར་སྐུལ་མ་ཐེབས་ཡོད།2011ལོ་ནས་བཟུང་། ཀྲུང་གོས་ཞིང་ཆེན་དང་གྲོང་ཁྱེར་བདུན་ལ་ས་གནས་ཀྱི་ཐཱན་འབུད་གཏོང་ཉོ་ཚོང་གི་ཚོད་ལྟའི་ལས་དོན་སྤེལ་འགོ་བརྩམས་པར་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཞིང་། འདི་ལོའི་ཟླ་བཅུ་པ་བར་ཚོད་ལྟའི་ཁུལ་གྱི་ཐཱན་འབུད་གཏོང་གི་བགོ་བྱའི་བཅད་འབོར་གྱི་ཚོང་འགྲིག་ཚད་དེ་དབྱང་གཉིས་ཐཱན་འགྱུར་ཏུན་དུང་ཕྱུར་2.64དང་ཉོ་ཚོང་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་60ཟིན་ཡོད་ཅེས་བརྗོད།