འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་13ཉིན།

༄༅༎“འཕོ་འགྱུར་དང་ཕུགས་འདུན་ཏེ། ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི”པར་རིས་འགྲེམས་སྟོན་ལོན་ཏོན་ལ་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་13ཉིན། 14:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལོན་ཏོན་ནས་ཟླ་12ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན་ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་བསྟོད་པའི་པར་རིས་འགྲེམས་སྟོན་དེ་དབྱིན་ཇིའི་ལོན་ཏོན་གྲོང་ཁྱེར་གྱི་ལྟེ་བའི་རྒྱལ་པོའི་རྒྱ་གྲམ་བབས་ཚུགས་སུ་བྱས་པ་རེད། 
     “འཕོ་འགྱུར་དང་ཕུགས་འདུན་ཏེ། ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི”པར་རིས་འགྲེམས་སྟོན་གྱིས་པར་རིས་60ལེགས་འདེམས་བྱས་པ་བརྒྱུད་ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40རིང་གི་མི་སེར་གྱི་འཚོ་བའི་འཕོ་འགྱུར་ལ་དམིགས་ཏེ་ཀྲུང་གོས་འཛམ་གླིང་དང་སྤེལ་རེས་དང་། ཀྲུང་གོའི་འཕེལ་རྒྱས་ཀྱི་འདུ་ཤེས་དང་ལེགས་སྐྱེས་ཕུལ་བ་མཚོན་པར་བྱས་ཤིང་། གཞན་ཡང་འགྲེམས་སྟོན་ནང་ཀྲུང་གོ་དང་དབྱིན་ཇི་རྒྱལ་ཁབ་གཉིས་དབར་གྱི་མི་དམངས་ཀྱི་མཛའ་མཐུན་འགྲོ་འོང་མཚོན་པའི་པར་རིས་ཉི་ཤུའང་འགྲེམས་སྟོན་བྱས་ཡོད། 
     གཙོ་གཉེར་ཕྱོགས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། འགྲེམས་སྟོན་གྱི་པར་རིས་ཚང་མ་ནི་ཤིན་ཧྭ་གསར་འགྱུར་ཁང་གིས་ཉར་ཚགས་བྱས་པའི་ལོ་རྒྱུས་ཀྱི་པར་རིས་རྩ་ཆེན་ཤ་སྟག་ཡིན་པ་དེ་དག་གིས་ཅིང་ཅིའུ་ལྕགས་ལམ་ཤར་གཏོང་ཐུབ་པ་དང་། ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་པ། དབུན་ཁྲོན་གྱི་ས་ཡོམ། པེ་ཅིང་གི་ཨོ་རྩལ་འགྲན་ཚོགས་སོགས་ལོ་རྒྱུས་ཀྱི་དུས་མཚམས་གལ་ཆེན་མཚོན་པར་བྱས་ཡོད་ལ། ཀྲུང་གོ་མི་དམངས་ཀྱི་བབ་ཆགས་ལ་རང་ཡིད་རང་ཆེས་ཀྱི་འཛུམ་མདངས་ཀྱང་མངོན་པར་བྱས་ཡོད། 
     འཛུམ་མདངས་དེ་དག་ནི་ལོ་རབས་བདུན་ཅུའི་རྗེས་ཐོན་སྐྱེད་དུད་ཚང་ལ་འགན་གཙང་སྤྲད་པའི་ཨན་ཧུའེ་ཞིང་ཆེན་ཧྥུང་དབྱང་རྫོང་ཞའོ་ཀང་གྲོང་ཚོའི་ཐོན་སྐྱེད་རུ་ཁག་གི་རུ་དཔོན་དང་། མཐོ་སློབ་ཀྱི་རྒྱུགས་སྤྲོད་སླར་གསོ་བྱས་རྗེས་པེ་ཅིང་སློབ་ཆེན་གྱིས་བསྡུས་པའི་ཐེངས་དང་པོའི་སློབ་གསར། ལོ་རབས་བརྒྱད་ཅུའི་སྐབས་ཀྱི་ཧྲང་ཧའེ་སྐྲ་བཞར་ཁང་དང་པེ་ཅིང་ཁྲོམ་གཞུང་གི་དར་སོ་ཆེ་བའི་གཞོན་ནུ། ཧྲེན་ཀྲེན་དམིགས་བསལ་ཁུལ་འཛུགས་སྐྲུན་བྱེད་མཁན་བཟོ་པ། ལོ་རབས་དགུ་བཅུ་པའི་བོད་ཀྱི་གྲོང་གསེབ་ཏུ་ཁཱ་ལ་OKཡི་གཞས་གཏོང་མཁན་བོད་རིགས་བུ་མོ། “ཞི་མཐུན”རྟགས་ཅན་ཤུགས་འགྲེམས་མེ་འཁོར་ཐོག་གི་ལས་དོན་པ་སོགས་ལས་འཕྱུར་བ་ཞིག་ཡིན། 
     འགྲེམས་སྟོན་གྱི་འགོ་འཛུགས་མཛད་སྒོའི་ཐོག་དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་རིག་གནས་ཁྲུའི་གཞུང་ཚབ་ཚན་ཙན་ཤང་ཞའོ་ཝུའེ་ཡིས་ཤིས་ཚིག་གསུང་སྐབས། ཁོང་གིས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལོ་རྒྱུས་ཐོག་གི་འཕོ་འགྱུར་རླབས་ཆེན་ཞིག་ཡིན་པ་དེས་ཀྲུང་གོར་འགྱུར་བ་གཏིང་ཟབ་བྱུང་ཡོད། ད་རེས་ཀྱི་འགྲེམས་སྟོན་དེས་དབྱིན་ཇིའི་ལྟ་སྐོར་བས་བརྒྱུད་རིམ་དེ་ཤེས་རྟོགས་ཡོང་རྒྱུའི་སྐར་ཁུང་ཞིག་བཏོད་ཡོད་ཅེས་གསུངས།