འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་13ཉིན།

༄༅།།དངོས་མཚོན་གློག་བརྙན《ང་ཚོ་མཉམ་དུ་བསྐྱོད་མྱོང》ཞེས་པར་རྒྱུན་མཐུད་གྲོས་བསྡུར་འཁྲུག་པོ་བྱས་པ། 

དུས་རབས་དང་བསྟུན་ནས་འབད་འབུངས་མདུན་སྐྱོད་བྱེད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་13ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
           ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་མཉམ་འབྲེལ་ཐོག་བཟོས་པའི་ལེའུ་18ཡོད་པའི་བརྙན་འཕྲིན་དངོས་མཚོན་གློག་བརྙན《ང་ཚོ་མཉམ་དུ་བསྐྱོད་མྱོང—སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་གུས་འདུད་ཞུ》ཞེས་པ་ཟླ་12ཚེས་2ཉིན་ནས་བཟུང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཕྱོགས་བསྡུས་འཕྲིན་ལམ་ཐོག་བསྟན་རྗེས་སྤྱི་ཚོགས་ལས་རིགས་ཁག་གི་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད། གློག་བརྙན་འདིའི་ནང་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་རྨང་གཞིར་བྱས་ཏེ་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཁྱབ་ཁོངས་ཁག་གི་འཕེལ་རྒྱས་དང་འཕོ་འགྱུར་གྱི་གཏམ་རྒྱུད་བདམས་ཏེ་ལོ་40རིང་གི་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་རླབས་ཆེན་ལག་ལེན་མཚོན་ཡོད། མིག་སྔར་གློག་བརྙན་སྟོན་ཐེངས་དང་པོ་མཇུག་སྒྲིལ་མོད། འོན་ཀྱང་མི་སེར་གྱི་ཁྲོད་སྔར་བཞིན་གྲོས་བསྡུར་འཁྲུག་པོ་བྱེད་བཞིན་ཡོད།
          “བྱ་བ་ཐམས་ཅད་དམངས་ལ་སོམས། མི་སེར་བདེ་སྡུག་གང་ལས་ལྷག”《ང་ཚོ་མཉམ་དུ་བསྐྱོད་མྱོང》ཞེས་པ་བལྟས་རྗེས། ཐེན་ཅིན་ཧྭ་ཆའོ་གྲོང་གི་ཁེ་ལས་ཀྲི་པུའི་ལས་མི་ཚོས་སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་རྒྱལ་དམངས་ཀྱི་ཡོང་འབབ་མང་དུ་འབོར་ཆེན་ཕྱིན་པ་དང་། སློབ་གསོའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་པ། སྨན་བཅོས་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ། ཟས་གོས་འགྲོ་སྡོད་ལ་ཕྱོགས་ཡོངས་ནས་འགན་ལེན་ཐུབ་པ་བཅས་ལས“མི་དམངས་འཚོ་བ་ཡག་པོ་སྐྱེལ་རྒྱུ་ཡོང་བ་བྱེད་དགོས་པའི”བབ་ཆགས་ལ་མཛེས་སྡུག་ལྡན་པའི་རེ་འདུན་བདེན་དཔང་བྱས་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བརྗོད། འབྱོར་འབྲིང་ནི་མི་རིགས་གཅིག་གིས་འབད་འཐབ་བྱེད་པའི་དམིགས་ཡུལ་ཡིན་པ་དེ་ཀྲུང་གོ་བའི་ལག་གཉིས་ལ་བརྟེན་ནས་མངོན་འགྱུར་ཐུབ་བཞིན་ཡོད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཐུབ་བཞིན་ཡོད།
         ཀྲུང་གོ་མཉམ་འབྲེལ་དྲ་རྒྱ་འཕྲིན་གཏོང་ཚོགས་པ་ཚད་ཡོད་ཀུང་སིའི་ལས་མི་སུན་རན་གྱིས“སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་དེང་གི་ཆར་ང་ཚོའི་འཚོ་བའི་ཆུ་ཚད་མཐོ་རུ་ཆེན་པོ་ཕྱིན་པ་དང་། ཁྱིམ་ཚང་མང་པོར་རླངས་འཁོར་དང་། ཁང་པ། བཅོལ་དངུལ་བཅས་ཡོད་པས་ལོ་ལྟར་རྒྱལ་ནང་དུ་ཡུལ་སྐོར་བྱེད་པ་ཕུད་ཐ་ན་ཕྱི་རྒྱལ་དུའང་ཡུལ་སྐོར་དུ་སྐྱོད་པས་མཐོང་རྒྱ་ཆེ་རུ་ཕྱིན་པ་དང་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་འགྲོ་བ་དང་། ལོ་ན་རྒས་ཀྱང་ད་དུང་རྒན་རྒོན་གྱི་སློབ་ཆེན་དུ་འགྲོ་ཆོག་གི་ཡོད། ང་ཚོས་གློག་ཀླད་སྦྱོང་བ་ཕུད་ལག་ཐོགས་ཁ་པར་སྤྱད་ནས་སྒུལ་བདེའི་གཏོང་སྤྲོད་ཤེས་ཀྱི་ཡོད། ཕྱིར་ཐོན་སྐབས་དངུལ་སྨར་དང་དངུལ་ཁང་གཱ་འཁྱེར་དགོས་མེད་པར་ལག་ཐོགས་ཁ་པར་ཡོད་ཚེ་རྒྱལ་ཡོངས་སུ་འགྲོ་ཐུབ་པ་དེ་ནི་སྒྱུར་བཅོས་སྒོ་དབྱེ་མ་བྱས་གོང་བསམ་ཡུལ་ལས་འདས་པ་ཞིག་རེད། ལོ་རྒྱུས་ཀྱི་ཉམས་མྱོང་ལས་སྒྱུར་བཅོས་སྒོ་དབྱེ་མ་བྱས་ཐབས་མེད་ཡིན་པ་ར་སྤྲོད་བྱས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དང་ཀྲུང་གོའི་ཕུགས་འདུན་གོམ་སྟབས་རེ་རེ་བཞིན་ཕུགས་འདུན་ནས་དངོས་ཡོད་དུ་འགྱུར་བཞིན་ཡོད”ཅེས་བཤད།
         ཀྲུང་གོ་ལྕགས་ལམ་ཟམ་ཆེན་ཅུས་དམིགས་བསལ་རིགས་ཀྱི་ཀུང་སི་ཧོ་པེའི་ཡུག་ཁུལ་རྣམ་གྲངས་པུའི་ཀྲོའུ་ཡུས་ཀྲུང་དང་ལས་རོགས་ཚོས《ང་ཚོ་མཉམ་དུ་བསྐྱོད་མྱོང》ཞེས་པའི་གློག་བརྙན་བལྟས་རྗེས་མྱོང་ཚོར་གླེང་བ་དང་། ཁོང་གིས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཀ་རྟེན་ཞིག་ཡིན་པའི་ངོས་ནས་གཞུང་ཁོངས་ཁེ་ལས་ཀྱིས་སྒྱུར་བཅོས་གསར་གཏོད་བྱས་པ་བརྒྱུད་དཀའ་ངལ་ལ་མ་འཛེམ་པར་མདུན་དུ་བསྐྱོད་པ་དང་འགྱུར་མེད་དམ་བཅའ་བཞག་ནས་ཐོག་མཐའ་བར་གསུམ་དུ་ཏང་གིས་གཞུང་ཁོངས་ཁེ་ལས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྒྲིག་སྲོལ་གསེད་བཀྲོལ་དང་། ལམ་སྲོལ་འཐུས་ཚང་། བཀོད་ཇུས་ལེགས་སྒྲིག་སོགས་ཀྱི་སྒྱུར་བཅོས་འཚོལ་ཞིབ་རབ་དང་རིམ་པ་བྱས་པ་བརྒྱུད་གཞུང་ཁོངས་ཁེ་ལས་སྟོབས་ཆེན་དང་ཕུལ་བྱུང་བསྐྲུན་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་བཤད། 《ང་ཚོ་མཉམ་དུ་བསྐྱོད་མྱོང》ཞེས་པའི་གློག་བརྙན་བལྟས་རྗེས་ཁོང་གིས་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ལ་ངོས་འཛིན་གཏིང་ཟབ་བྱུང་བ་མ་ཟད། གཞུང་ཁོངས་ཁེ་ལས་ཀྱི་གོམ་སྟབས་རྗེས་མའི་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད། གཅིག་ནི་སྒྱུར་བཅོས་བྱས་ཏེ་ཕྱོགས་ཡོངས་ནས་ཁྲོམ་ར་དང་བསྟུན་པ་དང་། གཉིས་ནས་གསར་གཏོད་བྱས་ཏེ“རྒྱལ་ཁབ་ཀྱི་ལག་ཆ་གལ་ཆེན”སྐྲུན་པའི་ལྟེ་བའི་ལག་རྩལ་རང་ཉིད་ཀྱི་འབད་འཐབ་ལ་བརྟེན་པ་ལས་ཉོ་མི་ཐུབ་ལ་སྒུག་མི་ཐུབ་པ་ཞིག་རེད”ཅེས་བཤད། མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ལིའུ་དབྱང་།