འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་13ཉིན།

༄༅།།སི་ཁྲོན་ཞིང་ཆེན་རྔ་བ་ཀྲོའུ་ཡིས་ལོ་གསུམ་གྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་ཇུས་གཞི་བཏོན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་13ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སི་ཁྲོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་། སི་ཁྲོན་རྔ་བ་ཀྲོའུ་ཨུད་དང་ཀྲོའུ་སྲིད་གཞུང་གིས《རྔ་བ་ཀྲོའུ་ཡིས་ལོ་གསུམ་གྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པའི་ལག་བསྟར་ཇུས་གཞི》བཀྲམ་པ་རེད། ཇུས་གཞི་གཞིར་བཟུང་། རྔ་བ་ཀྲོའུ་ཡིས་ལོ་གསུམ་རིང་མ་དངུལ་སྒོར་དུང་ཕྱུར་90ཡན་བཏང་ནས་ཐོན་ལས་དང་། སློབ་གསོ། བདེ་ཐང་། རྨང་གཞིའི་སྒྲིག་བཀོད། སྤྱི་ཚོགས་ཀྱི་དབུལ་སྐྱོར་སོགས་དབུལ་སྒྲོལ་འགག་སྒྲོལ་གྱི་བྱ་སྤྱོད་ལག་བསྟར་བྱས་ཏེ་ཤིན་ཏུ་དབུལ་བའི་རྫོང(གྲོང་ཁྱེར)13ཡོངས་ཀྱི“དབུལ་ཞྭ”འབུད་པ་དང་། གྲོང་ཚོ་དབུལ་པོ་606དབུལ་ཕོངས་ལས་སྒྲོལ་བ། དབུལ་པོ་ཁྲི་10.36དབུལ་སྒྲོལ་བཅས་བྱེད་རྩིས་ཡོད་པ་རེད།
        ཐོན་ལས་ཀྱི་འགག་སྒྲོལ་དམག་འཐབ་ཐད། ལོ་གསུམ་རིང་མ་དངུལ་སྒོར་དུང་ཕྱུར་25བཏང་ནས་ཞིང་ལས་ཐོན་ལས་དང་། ཡུལ་སྐོར་དབུལ་སྐྱོར། དྲ་ཐོག་ཚོང་དོན་གྱི་དབུལ་སྐྱོར་སོགས་ཀྱི་ཐོན་ལས་དབུལ་སྐྱོར་ཧུར་ཐག་བྱ་རྒྱུ་ཡིན་པ་རེད། ཁྱད་ལྡན་ཞིང་ལས་ཐོན་ལས་ཀྱི་རྟེན་གཞི་མུའུ་ཁྲི་7གསར་སྐྲུན་དང་བསྐྱར་སྐྲུན་བྱས་ཏེ་ཞིང་འབྲོག་པ་མི་ཐེངས་ཁྲི་45ལ་ཉེར་སྤྱོད་ལག་རྩལ་གྱི་གསོ་སྦྱོང་བྱེད་པ་དང་། དེང་རབས་ཞིང་ལས་ཐོན་ལས་ཀྱི་མཉམ་འདྲེས་དཔེ་སྟོན་གླིང་ཁུལ་10དང་ཐོན་ཡུལ་རང་དུ་ཞིང་ཟོག་ལས་སྣོན་སྒྲིག་བཀོད་80སྐྲུན་པ་བཅས་མ་ཟད། རྒྱལ་ཁབ་ཀྱི་དཔེ་སྟོན་དྲ་ཐོག་ཚོང་དོན་གྱི་དཔེ་སྟོན་རྫོང་9དང་། དྲ་ཐོག་ཚོང་དོན་གྱི་མྱོང་རོལ་ལྟེ་གནས་13 ཡུལ་སྐོར་དབུལ་སྐྱོར་གྱི་དཔེ་སྟོན་གྲོང་ཚོ་80བཅས་བསྐྲུན་རྒྱུ་དང་གཙོ་གནད་ཐོག་གྲོང་ཚོ་དབུལ་པོ་241གི་དབུལ་པོ་21912ལ་ཁྱབ་ཡོད་པ་རེད།
        རྨང་གཞིའི་སྒྲིག་བཀོད་ཀྱི་ཐད། ལོ་གསུམ་རིང་མ་དངུལ་སྒོར་དུང་ཕྱུར་18.79བཏང་ནས་འགྲིམ་འགྲུལ་དང་། ཆུ་བེད། ནུས་རྒྱུ། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་ཕྱོགས་ཀྱི་འཇུར་མིག་ཚོད་འཛིན་གྱི་གནད་དོན་ཧུར་ཐག་བསལ་རྒྱུ་རེད། ཡུལ་སྐོར་ལམ་དང་ཐོན་ལས་ལམ་སྤྱི་ལེ་390བསྐྲུན་རྒྱུ་དང་། ཤང་གྲོང་དུ་སྣུམ་ནག་ལམ་དང་སྒྲིག་ཁོངས་གྲོང་ཚོར་མཁྲེགས་འགྱུར་ལམ་ཡོངས་སུ་ཁྱབ་པར་བྱ་རྒྱུ་ཡིན། ཀྲོའུ་ཡོངས་ཀྱི་གཙོ་གནད་བགྲོད་ལམ་76ལ་4Gདྲ་རྒྱའི་བརྡ་རྟགས་ཁྱབ་པར་བྱ་རྒྱུ་དང་། 2020ལོར་སླེབས་སྐབས་ཀྲོའུ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོའི་98%ལ་4Gདྲ་རྒྱ་ཁྱབ་པར་བྱ་རྒྱུ་རེད། གཞན་ཡང་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་གཙང་སེལ་དང་། འཕྲོད་བསྟེན་གསང་སྤྱོད་སྒྱུར་བཀོད་ལ་སྐུལ་འདེད་བཏང་ནས་དབུལ་སྐྱོར་གྲོང་ཚོ་གསར་པ་208བསྐྲུན་རྒྱུ་རེད།
        སློབ་གསོའི་དབུལ་སྐྱོར་གྱི་ཐད། ལོ་གསུམ་རིང་མ་དངུལ་སྒོར་དུང་ཕྱུར་12.6བཏང་ནས་མི་རིགས་ས་ཁུལ་དུ་ལོ་15རིང་སློབ་ཡོན་མི་དགོས་པའི་སློབ་གསོ་ལག་བསྟར་བྱ་རྒྱུ་དང་། རྫོང(གྲོང་ཁྱེར)13གྱི་བུ་བཅོལ་ཁང་ལ་བུ་གསོ་དང་སློབ་ཁྲིད་ཀྱི་འགྲོ་སོང་རྩ་ཆག་གཏོང་བ་མ་ཟད་གུང་ཚིགས་ཀྱི་རིན་པའང་ཁ་གསབ་བྱ་རྒྱུ་དང་། སློབ་གྲྭའི་ཉལ་ཁང་སྨི་ངོས་གྲུ་ཁྲི་16.3གསར་སྐྲུན་དང་བསྐྱར་སྐྲུན་རྒྱས་སྐྲུན་ཡང་བྱ་རྒྱུ་རེད། འབྲིང་རིམ་ལས་རིགས་ལག་རྩལ་གྱི་སློབ་གྲྭར་འགྲིམ་མུས་ཀྱི་ལོ་རིམ་དང་པོ་དང་གཉིས་པའི་སློབ་མ་དབུལ་པོ་རེར་ལོ་ལྟར་སྒོར་2000དང་། ལོ་རིམ་གསུམ་པའི་སློབ་མ་རེར་ལོ་རེར་སྒོར་1000འཚོ་བའི་ཁ་གསབ་སྤྲོད་རྒྱུ་དང་འབྲེལ་སློབ་ཡོན་ཡང་རྩ་ཆག་གཏོང་རྒྱུ་རེད། གཞན་ཡང་། 2016ལོའི་སྟོན་དུས་ནས་2020ལོའི་གོང་གསར་དུ་སློབ་གྲྭར་ཞུགས་པའི་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་དངོས་ཚན་དང་ཆེད་སྦྱོང་གི་སློབ་མར་སློབ་མཐར་མ་ཕྱིན་བར་ལོ་རེར་སྒོར་4000རོགས་སྐྱོར་བྱ་རྒྱུ་དང་། མཐོ་སློབ་ཀྱི་སློབ་ཐོན་སློབ་མ་དབུལ་པོའི་ལས་ཞུགས་ལས་གཏོད་ཀྱི་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ནས་ལས་འཚོལ་ཁ་གསབ་མི་རེར་སྒོར་1200བར་མཐོ་རུ་གཏོང་རྒྱུ་རེད།
        བདེ་ཐང་དབུལ་སྐྱོར་གྱི་ཐད། ལོ་གསུམ་རིང་མ་དངུལ་སྒོར་དུང་ཕྱུར་1བཏང་ནས་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་ལ་ཉུང་མཐར་ཡང་རིན་མི་དགོས་པའི་བདེ་ཐང་བརྟག་དཔྱད་ཐེངས་རེ་བྱེད་པ་དང་། རྒྱུན་སྡོད་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོར་ཁྱིམ་ཚང་གན་འཇོག་ཞབས་ཞུ་ཡོངས་སུ་ཁྱབ་པར་བྱ་རྒྱུ། ལྷུ་ཆེན་ནད་ལྟ་བཤེར་བྱ་ཡུལ་58བཙུགས་ཏེ་གྲུམ་བུ་ཚིགས་ཆེན་ནད་ཀྱི་རིམ་པ་Iདང་IIཕོག་པའི་ནད་པར་གྲོང་གསེབ་ཀྱི་མ་མཐའི་འགན་བཅོལ་ལག་ལེན་བསྟར་རྒྱུ་དང་། གྲུམ་བུ་ཚིགས་ཆེན་ནད་ཀྱི་རིམ་པ་IIIཕོག་པའི་ནད་པ་འགན་ལེན་ལྔའི་འཚོ་སྐྱོང་ནང་འཇུག་རྒྱུ་རེད།
        སྤྱི་ཚོགས་དབུལ་སྐྱོར་གྱི་ཐད། “མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་དབུལ་སྐྱོར་འགག་སྒྲོལ་གྱི་བྱ་སྤྱོད”དང་། སྲིད་གྲོས་ཨུ་ཡོན་གྱི“ངས་དབུལ་སྐྱོར་ཆེད་ལས་ཀ་སྒྲུབ” དམངས་གཉེར་ཁེ་ལས་ཀྱི“ཁེ་ལས་ཁྲིས་གྲོང་ཚོ་ཁྲིར་རོགས་རམ་བྱེད”སོགས་ཀྱི་དབུལ་སྐྱོར་སྤུས་རྟགས་བྱེད་སྒོ་ཤུགས་ཆེན་སྤེལ་རྒྱུ་དང་། “བརྩེ་བ་མཉམ་སྤེལ” “ཆར་ཟིལ་འཆར་གཞི” “ལག་རྩལ་པ་བརྒྱའི་ལས་གྲྭ” “ལས་གྲྭ་གལ་ཆེན”སོགས་སྤྱི་ཚོགས་དབུལ་སྐྱོར་གྱི་བྱེད་སྒོ་རྒྱ་ཁྱབ་སྤེལ་ནས། ལོ་གསུམ་རིང་སྤྱི་ཚོགས་ཀྱི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་21ཡན་བརྩོན་ལེན་བྱ་རྩིས་ཡོད་པ་རེད།